ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ལ་འགྱུར་བ་ཕྲན་བུ་ཕྱིན་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ དང་ ༢༥ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་༼མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་། ༽ འཕྲོ་སྐྱོང་མཛད་རྒྱུ་དང་། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོར་འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།
གཞན་ཡང་ཚེས་ ༢༨ ནས་ ༣༠ བར་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་རྒྱུའི་ཞལ་བཞེས་ཐོབ་རུང་། ཆོས་སྐོར་འདི་ལ་དམིགས་བརྩེ་མའི་བསྙེན་པའི་དམ་བཅའ་དགོས་པས་དམ་བཅའ་མི་ནུས་པ་དང་། ཐུན་མོང་ལམ་སྦྱོང་ལ་གོམས་འདྲིས་མེད་རིགས་རྣམས་ཆོས་གྲལ་དུ་མི་ཕེབས་པ་དེ་དོན་རང་དོན་རང་གཅེས་ཀྱིས་དགོངས་འཇགས་ཡོད་པ་ཞུ།
ཕྱི་ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་དང་། རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་ཆོས་སྡེ་མངའ་ཞབས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་བཅས། །