ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༠ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༢༩ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་མཛད་སྒོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྔ་དྲོ་ཚོད་ ༡༠།༠༠ པའི་ཐོག་སྲུང་བརྩི་གཟབ་རྒྱས་ཞུས།
མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་སྐུ་ཞབས་ Pradeep Tamta མཆོག་དང་། དམིགས་བསལ་སྐུ་མགྲོན་ Global Coordinator Collective Sassoufit Congolese Human Rights Group ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Andrea Papus Ngombet Malewa མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotia མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་ Ram Swaroop མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། དྲུང་ཆེ་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ། བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་བཅས་ལྷན་འཛོམས་གནང་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདན་ཞུས་ལྟར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Pradeep Tamta མཆོག་ཕེབས་གནང་གིས་མཛད་སྒོའི་ཐོག་ཁོང་ནས་ཚང་མར་འཚམས་འདྲི་ཞུས་པ་དང་ཆབས་ཅིག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བ་དང་འཚེ་བ་མེད་པའི་ཐོག་འཛམ་གླིང་ནང་དཀའ་རྙོག་སེལ་དགོས་པའི་ལམ་སྟོན་གནང་བར་འཛམ་གླིང་ཡོངས་ནས་ཉམས་ལེན་གནང་དགོས་པ་དང་། ལྷག་པར་དུ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་བོད་ཀྱི་རྩ་དོན་ཐོག་འཐབ་རྩོད་གནང་རྒྱུའི་ཐབས་ལམ་བཟང་ཤོས་ཤིག་ཡིན་པར་བོད་མི་རྣམས་ནས་ལམ་སྟོན་དེར་མུ་མཐུད་བསྐྱོད་དགོས་པ་བཅས་གསུངས།
མཛད་སྒོའི་རྗེས་ཕྱི་དྲོ་ཚོུད་ ༡།༠༠ ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Pradeep Tamta མཆོག་དང་ཁོང་གི་སྐུ་བཟླའ་རྣམ་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་མགྲོན་ཏུ་མགྲོན་འབོད་གནང་བ་ལྟར་ཉིན་གུང་གསོལ་ཚིགས་འདེགས་འབུལ་གནང་། གསོལ་ཚིགས་སྐབས་ཁོང་ལ་འཚམས་འདྲི་མཇལ་དར་དང་སྐུ་ཐང་འབུལ་གནང་མཛད། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་དང་བོད་ཀྱི་འཐབ་རྩོད་གནས་སྟངས་བཅས་ཀྱི་ངོ་སྤྲོད་གནང་། དེ་ནས་སྐུ་མགྲོན་མཆོག་ནས་དེ་རིང་སྔ་དྲོའི་མཛད་སྒོའི་ཐོག་གསུང་བཤད་གནང་བ་ལྟར་ཁོང་ནས་སླར་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་ཐོག་བོད་དོན་འཐབ་རྩོད་གནང་དགོས་པ་དེར་དོན་དམ་པའི་ལམ་སྟོན་དང་ལམ་སྟོན་བཟང་ཤོས་ཤིག་རེད། དེ་མ་ཟད་དེ་རིང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲི་དང་སྣེ་ལེན་ཟབ་རྒྱས་ཞུས་པར་ཐུགས་རྗེ་ཆེ་ཞུས་སོང་། མཐའ་བསྡོམས་སུ་དཔལ་ལྡན་ཚོགས་གཞོན་མཆོག་ནས་སྐུ་མགྲོན་རྣམ་པ་རྡ་སར་ཕེབས་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་ཕྱིན་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུས། ཕྱི་དྲོ་ཚོུད་ ༦།༠༠ ཐོག་སྐུ་མགྲོན་རྣམ་པ་རྡ་ས་ནས་ཕེབས་ཐོན་གྱིས་པ་ཊན་ཀོཏ་བརྒྱུད་མེ་འཁོར་ནང་ལྡི་ལིར་ཕེབས་ཐོན་གནང་བ་བཅས།།