ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བི་ཧར་མངའ་སྡེར་རྟེན་གཞི་བྱས་པའི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་མངོན་པར་རྫོགས་པ་འཚང་རྒྱ་སའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བོར་འཁོད་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོང་ཁྱེར་མུམ་བྷེ་འཕྲུལ་རིག་བསྟི་གནས་ཁང་དུ་འཕྲུལ་རིག་དུས་སྟོན་མཛད་སྒོ་ཐེངས་ ༢༢ ཐོག་བཀའ་སློབ་སྩལ་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྷ་ཡ་གནམ་ཐང་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། དེ་ཡང་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་དགེ་འདུན་བཅས་ནས་སེར་སྦྲེང་དང་། སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་གདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་༸རྒྱལ་བའི་གཟིམ་ཆུང་དུ་འཁོད་མཚམས་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད།
ཕྱི་ཚེས་ ༡༧ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༩ ཐོག་མགོན་པོ་གང་ཉིད་བྱང་ཆུབ་མཆོད་རྟེན་ཆེན་མོའི་རྟེན་གཙོར་གནས་གཟིགས་མཛད་འདུག
དེ་ཡང་མཛད་འཆར་ལྟར་ན། ཕྱི་ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་ཀིརྟི་བྱེས་པ་གྲྭ་ཚང་གིས་གོ་སྒྲིག་བྱས་པའི་རྗེ་རྩོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༤ ནས་ ༢༦ ཉིན་གསུམ་རིང་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་རྒྱུ་མ་ཟད། ཕྱི་ཚེས་ ༢༨ ནས་ ༣༡ ཉིན་བར་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༢༨། ༢༩། ༣༠ བཅས་ཀྱི་སྔ་དྲོ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོར་སྩལ་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་ ༼མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་ ༽ འཕྲོ་སྐྱོང་མཛད་རྒྱུ་དང་། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་།
གཞན་ཡང་རྒྱལ་སྤྱིའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་ཀྱི་བགྲོ་གླེང་ལ་དབུ་བཞུགས་མཛད་རྒྱུ་དང་། རྒྱ་གར་གྱི་སློབ་ཕྲུག་སོགས་ལ་བཀའ་སློབ་བཀའ་དྲིན་སྩལ་རྒྱུ་སོགས་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གྲངས་ཉེར་བཞིའི་རིང་མཛད་འཕྲིན་རྒྱ་ཆེར་བསྐྱང་རྒྱུ་ཡིན་པ་བཅས། །