ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུ་ཉིན་རུ་སོག་སྐུ་ཚབ་དོན་ཁང་དང་། ཨུ་རུ་སུའི་བོད་སྐྱོབས་ཐེབས་རྩ་གཉིས་ཀྱི་གོ་སྒྲིག་འོག་མོ་སི་ཁོ་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་ལྟ་གྲུབ་སྡེ་ཚན་དུ་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་རྣམས་སླར་ཡང་ལྷན་འཛོམས་གནང་སྟེ་ཤེས་པའི་རྣམ་གཞག་ཐོག་ནང་པ་དང་དེང་རབས་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་གནང་འདུག
དེ་ཡང་ལས་རིམ་དེར་ཚོགས་ཞུགས་གནང་མཁན་ཚོ་ནི་འདི་ལོའི་ཕྱི་ཟླ་ ༥ ནང་བཞུགས་སྒར་རྡ་རམ་ས་ལར་སྐོང་ཚོགས་གནང་བའི་ཨུ་རུ་སུའི་ཚན་རིག་པ་དང་ནང་པའི་མཁས་དབང་གི་ལྷན་ཚོགས་ཐེངས་གཉིས་པར་ཕེབས་མཁན་ཤ་སྟག་ཡིན་པ་དང་། སྐབས་དེའི་བགྲོ་གླེང་ལྷན་ཚོགས་སུ་འཇིག་རྟེན་ཁམས་ལ་དཔྱད་པ་ཞེས་པའི་ཐོག་བགྲོ་གླེང་གནང་ཡོད་པ་རེད།
ཐེངས་འདིའི་ལྷན་ཚོགས་སུ་དེ་སྔའི་བགྲོ་གླེང་སྐབས་གོ་བསྡུར་གང་བྱུང་བ་རྣམས་ཚན་རིག་པ་རྣམས་ཀྱིས་ཕྱོགས་སྡོམ་གནང་འདུག བགྲོ་གླེང་ལྷན་ཚོགས་དེ་བཞིན་ཕྱོགས་གཅིག་ནས་ཨུ་རུ་སུའི་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ་རྣམས་ཀྱི་དབར་བགྲོ་གླེང་གནང་ཆེད་དང་། ཕྱོགས་གཞན་ཞིག་ནས་དེང་རབས་ཚན་རིག་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ནང་པའི་མཁས་དབང་དབར་བགྲོ་གླེང་གནང་རྒྱུའི་ཆེད་དུ་ཡིན་པ་རེད།
ཐེངས་འདིའི་ལས་རིམ་དེ་བཞིན་མོ་སི་ཁོ་རྒྱལ་ཡོངས་གཙུག་ལག་སློབ་ཁང་གི་ཤེས་པའི་རྣམ་གཞག་ཐོག་སློབ་སྦྱོང་བྱེད་མཁན་གྱི་སྡེ་ཚན་དང་། དེ་བཞིན་ཨུ་རུ་སུའི་ཚན་རིག་སློབ་གཉེར་ཁང་གི་ལྟ་གྲུབ་སྡེ་ཚན་སོགས་ཀྱི་རམ་འདེགས་འོག་སྐོང་ཚོགས་གནང་བ་ཞིག་རེད་འདུག
ལྷག་པར་དེ་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ལྗགས་རྩོམ་མཛད་པའི་རྡུལ་སྙེད་འཇིག་རྟེན་ཞེས་པའི་ཕྱག་དེབ་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་སྒྱུར་ཞུས་པ་དེ་དུས་བསྟུན་ཁ་སྣོན་གསར་རྒྱག་འདོན་སྤེལ་གནང་བ་དེ་ཡང་ངོ་སྤྲོད་གནང་ཡོད་འདུག་པ་བཅས། །