ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ནས་ཟླ་ ༡༡ ཚེས་ ༢༡ བར་ཟླ་དྲུག་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་གོ་རྟོགས་ལས་རིམ་ལེགས་གྲུབ་སྤེལ་ཟིན་པ་དང་། དེའང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱུས་སྟོན་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ནས་ཟླ་དྲུག་རིང་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་པའི་ས་གནས་ཁག་འདྲ་མིན་ ༣༦ ལ་དངོས་སུ་བཅར་ཏེ་སློབ་ཕྲུག་དང་དགེ་ལས་མང་ཚོགས་ཁྱོན་མི་གྲངས་ ༡༦༥༠༠ ཙམ་ལ་གསུང་བཤད་ཐེངས་ ༡༤༦ ཙམ་གནང་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་ཐུབ་ཡོད།
འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་ཐད་བཀའ་སློབ་ཡང་ཡང་གནང་བར་བརྟེན། འཛམ་བུ་གླིང་གི་རྒྱལ་གཞུང་ཁག་འདྲ་མིན་དང་། ཤེས་ཡོན་ལྟེ་གནས་ཁང་། དེ་བཞིན་གང་ཟག་སྒེར་མང་པོས་སྤྱི་ཚོགས་ནང་དང་། ལྷག་པར་དུ་སློབ་ཁག་དང་མཐོ་སློབ་སོགས་ཀྱི་ནང་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་ལས་གཞི་ཆེ་ཆུང་འདྲ་མིན་སྤེལ་འགོ་བཙུགས་ཡོད། དེའི་ནང་ནས་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཟང་སྤྱོད་ཀྱི་སློབ་གསོ་འདིའི་ཐོག་འབད་བརྩོན་ཞུས་དང་ཞུ་མུས་ཡིན།
ལས་གཞི་གཞན་དང་ལྷན་དུ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་ཁག་དང་མང་ཚོགས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་གོ་རྟོགས་ལས་གཞི་རྒྱ་གང་ཆེ་ཞིག་འདི་ལོའི་ས་ག་ཟླ་བའི་ཚེས་ ༡ ཉིན་དྷ་ས་དང་དྷ་ས་ཉེ་འཁོར་ཁུལ་གྱི་སློབ་གྲྭ་ནས་དབུ་འཛུགས་ཀྱིས། རིམ་པས་བལ་ཡུལ་དང་། ལ་དྭགས། དྷེ་རཱ་དྷུན་ཁུལ། རྒྱ་གར་དབུས་ཁུལ། རྒྱ་གར་བྱང་ཤར་ཁུལ། རྒྱ་གར་ལྷོ་ཕྱོགས་ཁུལ་བཅས་ལ་ཟླ་དྲུག་རིང་གོ་རྟོགས་ལེགས་པར་སྤེལ་ཐུབ་ཡོད།
སྤྱིར་རྒྱུས་སྟོན་པའི་ངོས་ནས་མང་ཚོགས་དང་། སློབ་ཕྲུག དགེ་ལས་བཅས་སོ་སོར་འབྲེལ་ཡོད་བརྗོད་གཞིའི་ཐོག་གོ་རྟོགས་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་ཀྱི་ནང་དོན་གཙོ་བོ་ཁག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་དེའི་གལ་གནད་སྐོར། བཟང་སྤྱོད་སློབ་སྤེལ་གནང་སྐབས་གཞི་གང་ཞིག་ལ་བཞག་དགོས་མིན་སྐོར། བཟང་སྤྱོད་སློབ་སྤེལ་གནང་མཁན་དགེ་རྒན་ཞིག་ལ་འོས་ཆོས་གང་ཚང་དགོས་པའི་སྐོར། བཟང་སྤྱོད་ཀྱི་རྩ་འཛིན་བྱམས་རྩེའི་ངོ་བོ་དང་རིན་ཐང་། བཟོད་པའི་ངོ་བོ་དང་སྟོབས་ཤུགས། རྟེན་འབྲེལ་གྱི་རང་བཞིན་བཅས་ཀྱི་སྐོར། མི་ཚེའི་བདེ་སྐྱིད་འཚོལ་ཐབས་ཀྱི་ཆ་རྐྱེན་ལྔ། སྙིང་རྗེ་དང་དྲང་བདེན་གྱི་སྐོར། ཕ་མ་དང་ཁྱིམ་ཚང་གིས་རང་གི་བུ་ཕྲུག་ཚོར་སློབ་གསོ་ཇི་ལྟར་བྱེད་དགོས་པ་དང་དེའི་གལ་གནད་སོགས་ཀྱི་ཐོག་གོ་རྟོགས་སྤེལ་གནང་ཡོད།
ད་རེས་གོ་རྟོགས་ལས་རིམ་ཡོངས་རྫོགས་ལ་མང་ཚོགས་ནས་དོ་སྣང་དང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུངས་སོང་ལགས། མ་འོངས་པར་ས་གནས་དང་སློབ་གྲྭ་ཁག་ལ་གོ་རྟོགས་ལས་རིམ་འདི་རིགས་དུས་ཡུན་རིང་ཙམ་ཡང་ཡང་སྤེལ་རྒྱུའི་སོགས་འབོད་སྐུལ་གནང་སོང་།
གོ་རྟོགས་ལས་རིམ་དེར་རོགས་དངུལ་མཐུན་འགྱུར་གནང་མཁན་ཕཱ་རེཎ་སི་ནས་ Fonds De Dotation Mon Kontan Ou དང་། ཨིན་ཡུལ་ནས་བདེ་ཆོས་ཕར་སི་དགེ་རྩ་བཅས་ཡིན་འདུག་པ་བཅས། །