༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ནས་འགོ་འཛུགས་ཀྱིས་ཚེས་ ༢༥ ཉིན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད།
དེ་ཡང་ཚོགས་དུས་མཐའ་མའི་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཀྱི་ཚོགས་དུས་མཐའ་མ་དེ་རེད་བསམ་བྱུང་། འོན་ཀྱང་དེ་རིང་གི་གཞུང་འབྲེལ་གྲོས་ཆོོད་གྲོས་འཆར་དེའི་ཐོག་ནས་ཚོགས་འདུ་འཕར་མ་ཞིག་ཚོགས་དགོས་ཀྱི་ཡོད་སྟབས། དེ་རིང་ཚོགས་འདུ་མཐའ་མ་མ་ཡིན་པའི་གནས་སྟངས་ཤིག་ཏུ་གྱྱུར་ཡོད། དེར་བརྟེན་ཚོགས་འདུའི་མཇུག་བསྡོམས་ཀྱི་གཏམ་བཤད་སྔོན་ནས་གྲ་སྒྲིག་བྱས་པ་དེ་ཡང་གང་ཙམ་ཞིག་འགྱྱུར་བ་གཏོང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ནང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་རིན་པོ་ཆེའི་ཐོག་ལ་ང་ཚོས་དུས་ཚོད་མང་ཤོས་བཏང་བ་རེད། ད་ཐེངས་གྲོས་ཚོགས་ཀྱི་སྔོན་རྩིས་ཀྱི་ལས་རིམ་དེ་ཡང་དེ་སྔ་བྱུང་མ་མྱོང་བའི་གནས་སྟངས་ཤིག་གི་འོག་ཕྱིན་པ་རེད། དེ་མིན་ཚོགས་ཆུང་ཁག་གི་སྙན་ཐོ་དང་དྲི་བ་དྲིས་ལན་ཐུགས་སྣང་གཞེན་སྐུལ། དེ་དག་ཆ་ཚང་དུས་ཚོད་ཏག་ཏག་ཐོག་བསྒྲུབ་རྒྱུ་དེ་ནི་གཙོ་བོ་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པ་ཚོས་མཐུན་འགྱུར་གནང་བ་ལས་བྱུང་བ་ཞིག་རེད། ཚོགས་གཙོ་སྦྲེལ་པོ་གཉིས་ལ་དང་ཐོག་ཚོགས་འདུ་དབུ་འཛུགས་མ་གནང་གོང་བློ་འཚབ་བྱུང་། འོན་ཀྱང་རྣམ་པ་ཚོའི་མཐུན་འགྱུར་དང་རོགས་རམ་འོག་ལས་རིམ་རྣམས་དུས་ཐོགཏུ་་བསྒྲུབ་ཐུབ་པ་བྱུང་བ་མ་ཟད། དོན་དང་ལྡན་པར་བྱུང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་གྲོས་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པོ་ཆེ་ཕེབས་ཡོད་པ་རེད། དངོས་གནས་བྱས་ནས་བོད་མི་སུ་འདྲ་ཞིག་ཡིན་རུང་སེམས་ནང་མ་ཤོང་བའི་གནས་སུ་གྱར་བ་རེད། གྲོས་ཚོགས་ཚོགས་སྐབས་ཀྱང་མང་ཚོགས་ནང་ནས་ཡི་གེ་མང་དག་ཅིག་འབྱོར་གྱི་འདུག ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་འཕོ་འགྱུར་འགྲོ་རྒྱུའི་གནས་སྟངས་དེ་འདྲ་ཞིག་འོག་སེམས་འཚབ་དང་ཐུགས་ཁུར་ཆེན་པོ་བཞེས་ཏེ། གྲོས་ཚོགས་སོགས་ལ་ཡི་གེ་གནང་བའི་གནས་སྟངས་མང་དག་ཅིག་ཆགས་ཡོད། རྩ་བའི་དེ་རིང་གི་གྲོས་ཚོགས་དེ་བརྒྱུད་ནས་བོད་ནང་བཞུགས་པའི་བོད་མི་རྣམས་དང་བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་མ་ཤེས་པ་མེད། ཁ་སང་ཆོས་རིག་བཀའ་བློན་མཆོག་གིས་དཔེ་མཚོན་ཙམ་ཞིག་གི་དུས་བབ་ཚགས་ཤོག་ནང་གང་བྲིས་ཡོད་པ་དེ་གསུངས་པ་རེད། དེ་དང་དེ་བཞིན་ང་ཚོའི་སྤྱི་ཚོགས་ནང་ལ་མཁས་པ་དང་ཤེས་ཡོན་ཅན་ཡིན་ཟེར་མཁན་གྱིས་དཔྱད་པ་ཡག་པོ་མ་བྱས་པར་གནས་ཚུལ་འདྲ་མིན་འབྲི་མཁན་དེ་འདྲ་ཡོང་གི་འདུག འོན་ཀྱང་ཁག་གཅིག་ཚད་དང་ལྡན་པ་དེ་འདྲ་ཡོད། དེ་རིང་གྲོས་ཚོགས་འདི་ནས་བརྒྱུད་རིམ་ཆ་ཚང་སྙིང་བསྡུས་ཐོག་ནས་ཞུས་ན། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༠ བོད་མི་མང་རྒྱལ་ཡོངས་ཚོགས་ཆེན་གྱི་མཛད་སྒོའི་སྐབས་ལ་བཀའ་སློབ་ཕེབས་པ་དང་ཕྱི་ཟླ་ ༡༠ པའི་ནང་ཊོན་རེ་ཊོར་རྒྱ་རིགས་ཁག་གཅིག་ལ་མཇལ་འཕྲད་མཛད་སྐབས་བཀའ་སློབ་སྩལ་བ། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༡༡ ནང་གསར་འགོད་པ་ཀ་ལམ་ཐར་པ་ལགས་ཀྱིས་དྲི་བ་ཞུས་པར་བཀའ་ལན་སྩལ་བ། དེ་དག་གི་གནས་སྟངས་ཐོག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བློ་འཚབ་ཆེན་པོ་བྱུང་བ་རེད། དེ་བཞིན་འཛིན་སྐྱོང་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་ལ་ཡི་གེ་མང་དག་ཅིག་ཕུལ་ཡོད། སྤྱི་འཐུས་རྒྱུན་ལས་ནང་ལ་ཡང་ཚོགས་པ་དང་སྐྱིད་སྡུག་སོགས་ཀྱིས་ངོ་བོ་མི་འདྲ་བ་མང་པོ་ཞིག་གི་ཐོག་སོ་སོའི་བསམ་ཚུལ་མགྲིན་དབྱངས་གཅིག་གྱུར་གྱི་སྒོ་ནས་༸གོང་ས་མཆོག་ལ་མགོན་པོ་གང་ཉིད་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་མུ་མཐུད་ནས་བཞེས་དགོས་འདུག་ཅེས་ཡི་གེ་རིམ་པ་འབྱོར་བ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་ཡོད་པ་བཅས། །
སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་བ།
གསར་གནས།
འབྲེལ་གནས།