ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༢ རེེས་གཟའ་ཕུར་བུའི་ཉིན་ཉི་ཧོང་གི་གྲོང་ཁྱེར་ཕུ་ཀུ་ཨོ་ཀར་རྟེན་གཞི་བྱས་པའི་ Tochoji Temple in Fukuoka ཏོ་ཆོ་ཇི་དགོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཡུལ་དེའི་ནང་ས་ཡོམ་དང་ཆུ་ལོག་སོགས་འབྱུང་བའི་གོད་ཆགས་ཀྱི་རྐྱེན་པས་དུས་མིན་འཆི་བའི་འཇིགས་པའི་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པ་རྣམས་ལ་དམིགས་ནས་མཆོད་འབུལ་སྨོན་ལམ་དེ་གོ་སྒྲིག་ཞུས་པ་ཡིན་འདུག སྐབས་དེར་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་སྩལ་དོན།
ངོས་རང་ལོ་བདུན་སྐབས་སྨོན་ལམ་གྱི་སྐམ་ཚོགས་སུ་བདེ་སྨོན་བསྐྱོར་བ་ཡིན། ཧ་ཅང་ཞེད་སྣང་བྱུང་། གྲྭ་པ་ཕལ་ཆེར་ཁྲི་གཅིག་ཙམ་ཡོད། དེའི་དཀྱིལ་ནས་ངོས་རང་གཅིག་པུས་སྐྱོར་དགོས་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་སྐབས་དེར་རྒྱང་གྲགས་མེད། དེར་བརྟེན་འདོན་པ་ཆད་ནས་ལྡབ་སྐྱོར་བརྒྱབ་པ་ཡིན་ནའང་དམིགས་བསལ་དོ་སྣང་སླེབས་ཀྱི་མ་རེད། ཅེས་ཞལ་ཤོབ་མཛད། སྐབས་དེར་བདེ་སྨོན་སྐྱོར་བའི་ཚོར་བ་རྣམས་ད་ལྟའང་དྲན་བཞིན་འདུག རྗེ་རིན་པོ་ཆེའི་དྲང་ངེས་ལེགས་བཤད་སྙིང་པོ། སེམས་ཙམ་པ་དང་དབུ་མ་པའི་ལྟ་བའི་སྐོར་ལ་དམིགས་བསལ་གྱི་ལེགས་བཤད་བརྩམས་གནང་ཡོད།
དེ་འདྲ་བའི་དྲང་ངེས་ལེགས་བཤད་སྙིང་པོ་དེ་བར་སྐབས་ཝཱ་རཱ་ཎ་སིའི་ལེགས་སྦྱར་མཁས་པ་གཅིག་དང་། བོད་ཀྱི་དགེ་བཤེས་བཅས་ཁོང་གཉིས་ཀྱིས་ཧིན་སྐད་ཐོག་ཕབ་སྒྱུར་གནང་བ་རེད། རྒྱ་གར་བ་ཁོང་ཏྲི་པཱ་ཊི་ Tripati ཞུ་བ་རེད། ལེགས་སྦྱར་ཧ་ཅང་མཁས་པ་རེད། ཁོང་ངོས་ཀྱི་ངོ་ཤེས་རེད། སྐབས་དེར་ངོས་ཀྱིས་ཁོང་ལ། དྲང་ངེས་ལེགས་བཤད་སྙིང་པོ་བརྩམས་མཁན་གྱི་བོད་པའི་མཁས་པ་ཁོང་དཔལ་ན་ལེནྡྲའི་མཁས་པའི་གྲལ་དུ་ཚུད་པ་འདུག་གམ་མི་འདུག ཅེས་འདྲི་སྐབས་ཁོང་གིས། བོད་པའི་མཁས་པ་དེ་ན་ལེནྡྲའི་མཁས་པའི་གྲལ་དུ་ཚུད་པ་ཙམ་དུ་མ་ཟད། ན་ལེནྡྲའི་མཁས་པའི་ཡང་རྩེར་སོན་པ་རྣམས་དང་འདྲ་མཉམ་ཆགས་ཐུབ་པ་འདུག ཅེས་གསུང་བྱུང་། བདེ་སྨོན་འདི་བོད་པའི་མཁས་པ་ཁོང་གིས་མཛད་པ་རེད།
དེ་རིང་འདིར་གཙོ་བོ་བར་སྐབས་ཤིག་ནས་ས་ཡོམ་དང་། ཆུ་ལོག་སོགས་རང་འབྱུང་གོད་ཆགས་ལ་བརྟེན་ནས་དུས་མིན་འཆི་བའི་འཇིགས་པའི་འོག་དཀའ་སྡུག་མྱོང་བཞིན་པ་མང་པོ་ཞིག་གི་ཆེད་དུ་རེད། འདིར་ཤེས་རབ་སྙིང་པོ་གསུང་རྒྱུ་ཧ་ལས་པའི་གནད་འགག་ཆེན་པོ་འདུག སྤྱིར་སྔགས་ཀྱི་ཆོ་ག་ལ་སོགས་ཡོད་ནའང་། སངས་རྒྱས་པའི་ཆོས་དེ་ནི་བདེན་པ་བཞི་གསུང་ནས་སྡུག་བསྔལ་གྱི་རིགས་རྣམས་མེད་པར་བཟོ་ཐུབ། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས། །