ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཉི་མ་ཉིན་ཊོ་རན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་ཊོ་རན་ཊོ་ཁུལ་གནས་སྡོད་བོད་མི་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིབ་ཝི་ར་ནི་མཆོག་ Arif Virani ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་མེས་མེ་ལོ་ནི James Maloney ལགས། སྐུ་ཞབས་སེ་ཝན་སེ་པན་ཇི་མེན་ Sven Spengeman ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལྷན་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་སྒོ་ནས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཆེ་རིང་ལགས། བོད་མི་མང་སྤྱི་འཐུས་ཟུར་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་རྒན་པ་རྣམ་པ། ཊོ་རན་ཊོའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་གཞོན་དང་འཐུས་མི་རྣམ་པ། ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་མང་ཚོགས་བཅས་ལ་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་ཡང་ལོ་ལྟར་ཁེ་ན་ཌའི་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས་ Halifax International Security Forum སུ་མཉམ་ཞུགས་གནང་བཞིན་ཡོད་སྟབས། ཞོར་དུ་ཊོ་རན་ཊོ་བོད་མི་མང་ཚོགས་དང་ལྷན་དུ་ཐུག་འཕྲད་བྱེད་བཞིན་ཡོད་པ་མ་ཟད། མང་ཚོགས་ནས་གནམ་གཤིས་གྲང་ངར་ལ་མ་ལྟོས་པར་འདིར་དུས་རྟག་ཏུ་ཕེབས་ཀྱི་ཡོད་པར་དགའ་ཚོར་ཆེན་པོ་སྐྱེ་བཞིན་འདུག འདིར་སླེབས་པའི་སྐྱིད་སྣང་གི་ཚོར་བ་ཤུགས་ཆེ་སླེབ་ཀྱི་འདུག ཅེས་ཞུ་རྒྱུ་ཡིན། གོང་དུ་ཚོགས་གཙོས་གསུང་པ་ལྟར་ཐེངས་འདིར་ཉིན་གྲངས་ ༢༦ ནང་ཚུད་ལ་ཡུ་རོབ་རྒྱལ་ཁབ་འདྲ་མིན་ནང་གི་གྲོང་ཁྱེར་ཁག་ ༡༢ ནང་ལས་འཆར་ཆེད་ཕྱོགས་བསྐྱོད་བྱེད་བཞིན་ཡོད་པ་དེ་དག་ཇི་ལྟར་འབྱུང་ཡོང་བསམ་པའི་སེམས་ཁྲལ་ཕྲན་བུ་སྐྱེས་པ་དང་། གྲོང་ཁྱེར་དེ་དག་ཕྱོགས་བསྐྱོད་མི་འགྲོ་དཀའ་མེད་ཆགས་སོང་།
དེ་ཡང་ཐོག་མར་སི་པན་ Spain གྱི་གྲོང་ཁྱེར་མེཌ་རིཌ་ Madrid ཡི་སྤྱི་ཁྱབ་འགན་འཛིན་གྱིས་ཕྲན་ལ་འགྲོན་འབོད་གནང་བ་ལྟར། ས་ཁུལ་དེར་རྒྱལ་སྤྱིའི་ཚོང་འདུས་ལྷན་ཚོགས་ Mountain and sustainable Trade Fair ཀྱི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་བྱེད་རྒྱུ་བྱུང་བར་བརྟེན། རྒྱ་ནག་གི་ཚོང་འབྲེལ་སྐུ་ཚབ་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱས་དགོས་བྱུང་བ་དང་རྗེས་སུ་གསུང་བཤད་གནང་རྒྱུའི་ཐད་གནོན་ཤུགས་སྤྲད་ཡོད། སྐབས་དེར་བོད་མི་མང་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱང་ལྷན་དུ་ཕེབས་ཡོད་པ་ཙམ་མ་ཟད་གསུང་བཤད་ཀྱང་གནང་ཐུབ་ཡོད། གྲུབ་འབྲས་བཟང་པོ་ཐོན་མིན་ལ་མི་ལྟོས་པར་དོངས་ཡོད་བདེན་པ་གནས་སྟངས་དེ་ང་ཚོའི་ལག་ཏུ་ཡོད་སྟབས་མང་ཚོགས་ལ་ར་སྤྲོད་གསལ་པོ་བྱེད་དགོས་བྱུང་སོང་། ཞེས་ཞུ་རྒྱུ་དང་།
དེ་ནས་ཇི་ནི་ཝར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་གནང་ཡོད། དེ་ཡང་ལོ་བཞི་མཚམས་སུ་ཇི་ནི་ཝར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་བསྐོང་ཚོགས་གནང་གི་ཡོད། སྐབས་དེར་རྒྱལ་ཁབ་འདྲ་མིན་ཁག་ ༡༤༠ ཡི་ཚབ་མཉམ་ཞུགས་གནང་ཡོད། དེར་རྒྱ་ནག་གཞུང་གི་བློན་ཆེན་གཞོན་པ་གཅིག་དང་། སྐུ་ཚབ། ལས་བྱེད་ཁྱོན་མི་གྲངས་ ༦༠ བཅས་སླེབས་ཡོད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་དེར་རྒྱལ་ཁབ་བཅུ་གསུམ་གྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱབ་སྐྱོར་ཐོབ་པ་དང་། སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག ཕྱོགས་གཅིག་ནས་རྒྱལ་ཁབ་མང་ཉུང་ཤོར་ཡོད། ཕྱོགས་གཞན་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ཇི་ལྟར་སྤྲད་ཀྱང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་དང་། བོད་དོན་བདེན་མཐའ་གསལ་ཐུབ་པ་བྱ་དགོས་ཞེས་རྒྱལ་ཁབ་ ༡༣ གྱི་སྐུ་ཚབ་རྣམས་ནས་གསུང་ཡོད། དེར་བརྟེན་རྒྱལ་སྤྱིའི་སྡིངས་ཆ་སྟེང་བོད་ཀྱི་དངོས་ཡོད་གནས་སྟངས་དེ་བཞིན་བདེན་པའི་ལམ་ནས་ར་སྤྲོད་པ་བྱུང་སོང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཚོགས་པའི་སྐབས་གནོན་ཤུགས་འདྲ་མིན་སྣ་ཚོགས་སྤྲད་ཡོད།
དེ་ཡང་རྒྱ་ནག་ལ་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་འགོ་མ་ཚུགས་པའི་ཉིན་བཞིའི་གོང་སྟེ། སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ནས་ ༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་སྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། ༢༠༡༨ ལོའི་ཇི་ནི་ཝའི་ལྷན་ཚོགས།༽ “Geneva Forum-2018: Forum on Human Rights Situation in Regions under the PRC.” ཞེས་པའི་ཡིད་ངག་གཉིས་ཀྱི་ཐོག་ནས་ལྷན་ཚོགས་ཤིག་གོ་སྒྲིག་གནང་བ་རེད། སྐབས་དེར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་མཁས་དབང་དང་། ཤེས་ལྡན་མི་སྣ། གཞུང་འབྲེལ་མི་སྣ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་མགྲོན་འབོད་གནང་བ་ལྟར། བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། དེ་བཞིན་མང་གཙོ་དོན་གཉེར་བ་བཅས་ཀྱི་སྐུ་ཚབ་རྣམས་ཕེབས་ནས་རྒྱ་ནག་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གོ་བསྡུར་དང་དྲི་བ་དྲིས་ལན་གྱི་ལས་རིམ། དེ་བཞིན་དངོས་ཡོད་གནས་སྟངས་དེ་དག་རྒྱ་ཆེ་སྤེལ་ཐུབ་པ་བྱུང་ཡོད། ལས་རིམ་དེ་དག་གསར་འགྱུར་བརྒྱུད་ལམ་ཁག་ནས་དུས་ཐོག་རྒྱང་བསྲིངས་གནང་རྗེས་མི་གྲངས་ས་ཡ་མང་པོས་བོད་མིའི་དངོས་ཡོད་གནས་སྟངས་མཁྱེན་ཐུབ་པ་བྱུང་ཡོད།
དེ་ནས་འཇར་མན་ནིའི་གྲོང་ཁྱེར་ Franfurt དང་ཧྥི་རེ་སྦུར་གི་ Freiburg ནང་དུ་བོད་དོན་གོ་རྟོགས་ཤུགས་ཆེ་སྤེལ་རྒྱུ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་དང་ལྷན་དུ་ལས་འཆར་ཚང་མ་ཡག་པོ་བསྒྲུབས་སོང་། རྒྱུན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་སྐབས་ཕོ་བྲང་དཀར་པོའི་ལས་བྱེད་དང་། དེ་བཞིན་གནད་ཡོད་མི་སྣ་ལ་སོགས་མཇལ་འཕྲད་བྱས་པའི་པར་རིས་སོགས་ཁྱབ་བསྒྲགས་བྱེད་རྒྱུར་དམ་སྒྲགས་བྱེད་བཞིན་ཡོད། ད་ཐེངས་གཞུང་འབྲེལ་གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་བྱས་པ་ཁྱབ་བསྒྲགས་ཧ་ལམ་བྱས་ཐུབ་པ་བྱུང་ཡོད་པ་དེ་གཞུང་འབྲེལ་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་མ་བྱས་པ་ཡིན་ནའང། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྲིད་སྐྱོང་མཆོག་ལ་ངོས་ལེན་བྱེད་བཞིན་ཡོད་པའི་རྣམ་པ་ཧ་ཅང་གསལ་པོ་རེད། ཁྱབ་བསྒྲགས་དེ་དག་མ་འོངས་པ་ཆབ་སྲིད་གནད་དོན་ཐད་གནད་འགག་ཆེན་པོ་ཞིག་རེད། དེ་ཡང་མ་འོངས་པ་སྲིད་སྐྱོང་གསར་པ་བསྐོ་གཞག་གནང་རྗེས་ཕོ་བྲང་དཀར་པོ་དང་ཕྱི་སྲིད་བློན་ཆེན་སོགས་དང་མཇལ་འཕྲད་བྱེད་ཕྱོགས་ཀྱི་ལམ་སྲོལ་བཟང་པོ་ད་ལྟ་ནས་སྟོན་ཡོད།
དེ་རྗེས་ཁེ་ན་ཌའི་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཀྱི་ལྷན་ཚོགས་ Halifax International Security Forum ཐོག་མཉམ་ཞུགས་བྱེད་ཡོད། སྐབས་དེར་གྲོགས་པོ་མང་པོ་ཞིག་ཐུག་འཕྲད་བྱུང་སོང་། སྐབས་དེར་རྒྱལ་ཁབ་འདྲ་མིན་ཁག་ ༦༠ ཙམ་ནས་ཨ་རིའི་དམག་གི་སྤྱི་ཁྱབ་ཀྱིས་གཙོས་དམག་སྤྱི་གཞན་རྣམ་པ་དང་། གནད་ཡོད་མི་སྣ། གྲོས་ཚོགས་འཐུས་མི་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་ཡོད་སྟབས། ཁོང་རྣམ་པ་དང་དམིགས་བསལ་གྲོས་ཚོགས་འཐུས་མི་ ༥ མཇལ་འཕྲད་བྱུང་ཡོད། དེ་ཡང་ངས་ལྷན་ཚོགས་སྐབས་བོད་དོན་དང་འབྲེལ་བའི་ཐོག་ལ་དྲི་བ་གླེང་སློང་བྱེད་རྒྱུའི་གོ་སྐབས་ཐོབ་པ་ལྟར། ཁེ་ན་ཌའི་བདེ་སྲུང་བློན་ཆེན་ Defence Minister མཆོག་གིས་ལན་འདེབས་གནང་སོང་། སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་དྲག་པོའི་གནོན་ཤུགས་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་སྐོར་ལ་བགྲེ་གླེང་ཐེངས་འགའ་ཤས་བྱུང་ཡོད། ལྷན་ཚོགས་འདི་ལྟ་བུ་རྒྱལ་སྤྱིའི་སྡིངས་ཆ་སྒང་མཉམ་ཞུགས་བྱེད་དགོས་དོན་ནི། མ་འོངས་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སུ་འདྲ་ཞིག་ཕེབས་རུང་དེར་སྡིངས་ཆ་བརྟིང་རྒྱུ་དེ་ཡིན། དེར་ཕེབས་པར་བརྟེན་སྒྲིག་འཛུགས་ལ་ཆེ་མཐོང་ཐོབ་ཀྱི་ཡོད།
གཞན་ཡང་ད་ཐེངས་ཁེ་ན་ཌ་གཞུང་གིས་བོད་མིའི་སྒྲིག་འཇུགས་ཀྱི་ཤེས་ཡོན་ལས་འཆར་གྱི་ཆེད་དུ་ཨ་སྒོར་ས་ཡ་ ༥་༤ རོགས་སྐྱོར་གནང་རྒྱུའི་གསལ་བསྒྲགས་དེ་བཞིན་ལོ་ལྔའི་རེར་མུ་མཐུད་གནང་རྒྱུ་ཆེད་མངགས་བཟོས་ཡོད། དེ་སྔ་ཡིན་ན་ལོ་གཉིས་ལ་ས་ཡ་གཉིས་ཡོད། དེ་ལྟར་བཟོ་དགོས་དོན་ནི། མ་འོངས་པ་བཀའ་ཤག་གི་ཕྱག་ལས་མཇུག་སྐྱོང་ཐུབ་རྒྱུའི་ཆེད་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་སྐབས་ ༡༥ བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་ལྟར་ཡིན།
དེ་སྔོན་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཐོག་བོད་ཀྱི་གནད་དོན་སྒང་ལ་གླེང་སློང་བྱེད་ཀྱི་མེད། ངས་ལྷན་ཚོགས་དེར་མཉམ་ཞུགས་ཀྱིས་བོད་ཀྱི་གནད་དོན་དེ་དག་གོ་རྟོགས་དང་། དྲི་བ་ལ་སོགས་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་པར་བརྟེན་ད་ཆ་བོད་ཅེས་པ་དང་། བོད་ཀྱི་གནད་དོན་སྐོར་གླེང་སློང་བྱེད་བཞིན་ཡོད། ཅེས་དང་།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་ཐུན་མིན་སྐད་ཡིག་དང་ཆོས། རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །