ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉིན་གྲངས་གསུམ་རིང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འཚམས་གཟིགས་སྐབས་ཨ་རིའི་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་ཡོད།
དེ་ཡང་ཉིན་དང་པོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་གཞུང་ཚབ་ས་མུལ་བྷི་རོན་སྦད་ཁི་ Samuel Brownback ལགས་དང་ཐུག་འཕྲད་གནང་། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་དགོས་དམིགས་གཞིར་བཞག་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པས་འཛམ་གླིང་ནང་ཆོས་དད་རང་དབང་གོང་མཐོར་གཏོང་བཞིན་ཡོད་པ་དང་།
སྐུ་ཞབས་ས་མུལ་བྷི་རོན་སྦད་ཁི་ལགས་ནི། འཛམ་གླིང་ནང་ཆོས་དད་རང་དབང་ཐོག་ལས་འགུལ་ཤུགས་ཆེ་སྤེལ་གནང་མཁན་ཞིག་ཡིན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཞབས་ས་མུལ་བྷི་རོན་སྦད་ཁི་ལགས་དང་ཐུག་འཕྲད་ཀྱིས་བོད་ནང་ཆོས་དད་རང་དབང་མེད་པའི་སྐོར་གྲོས་བསྡུར་ལྷུག་པོར་གནང་བ་དང་། སྐབས་དེར་སྐུ་ཞབས་ས་མུལ་བྷི་རོན་སྦད་ཁི་ལགས་ཀྱིས་བོད་ནང་གི་ཆོས་དད་རང་དབང་སྲུང་སྐྱོབ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས། སྐུ་ཞབས་ས་མུལ་བྷི་རོན་སྦད་ཁི་ལགས་ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚན་པའི་གཞུང་ཚབ་ཏུ་བསྐོ་གཞག་གནང་བ་ནས་བཟུང་ཨ་རིའི་སྐུ་ཚབ་དོན་གཅོད་དང་ཐུག་འཕྲད་ཐེངས་མང་གནང་མྱོང་ཡོད་པ་རེད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་། ཐའེ་ཝན། སོག་པོ་བཅས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ངེས་སྟོན་པ་ཨི་ཝན་ཀ་ན་པ་ཐེ་ Ivan Kanapathy ལགས་དང་། ཨ་རིའི་ཕྱི་འབྲེལ་ཤར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པ་ལོ་ར་སི་ཊོན་ Laura Stone ལགས། ལྷོ་དབུས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་བདེ་སྲུང་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པའི་ལས་ཚབ་ཊོམ་ཝ་ཇི་ཌ་ Tom Vajda ལགས། ལྷོ་དབུས་ཨེ་ཤེ་ཡའི་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པའི་ལས་ཚབ་ཌ་ཝི་ཌི་རན་ཛི་ David Ranz ལགས་བཅས་དང་ཐུག་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་པ་བཅས་ཀྱི་ལས་དོན་ཚན་པའི་སྐུ་ཚབ་མི་སྣ་དང་། མི་འབོར་དང་། སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་དོན་ཚན་པའི་སྐུ་ཚབ། ཨ་རིའི་རོགས་རམ་ཐེབས་རྩའི་ USAID སྐུ་ཚབ་འཐུས་མི་རྣམས་དང་ཐུག་འཕྲད་གནང་སྟེ་ད་བར་ཨ་རི་གཞུང་གིས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་།
རྒྱལ་སྤྱིའི་ཆོས་དད་རང་དབང་བཅས་གོང་མཐོར་སྤེལ་བཞིན་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཨ་རིའི་རོགས་རམ་ཐེབས་རྩ་ཁང་ནས་ད་བར་བོད་མི་ཚོར་དཔལ་འབྱོར་གྱི་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་གནང་ཡོད་པ་བཅས། །