༢༠༡༨ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ལ་གསོལ་ཚིགས་གོ་སྒྲིག་གནང་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་མགྲོན་དུ་ཕེབས་ཡོད་འདུག
འདུ་འཛོམས་ཐོག་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། གསར་འགྱུར་ཚན་པ་གྲགས་ཆེ་བ་ཁག་གཅིག་གི་ལས་བྱེད་དང་འགན་འཛིན། དེ་བཞིན་རྒྱ་རིགས་གཞོན་སྐྱེས་སོགས་ཁྱོན་མི་གྲངས་ ༤༠ ཕེབས་འདུག་པ་མ་ཟད། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ཚོགས་པ། གསར་འགྱུར་ཚན་པའི་ལས་བྱེད་སོགས་ཁྱོན་བོད་མི་ ༡༥ ལྷག་ཙམ་ནང་མཉམ་ཞུགས་གནང་འདུག
སྲིད་སྐྱོང་མཆོག་གིས་སྐབས་དེར་ཉེ་ལམ་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་དུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ PRC ཐེངས་གསུམ་པ་དེ་འགོ་མ་ཚུགས་གོང་ཉིན་གསུམ་གྱི་སྔོན་ཏེ། ཕྱི་ཟླ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་དང་། སུད་སི་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག་གྲོང་ཁྱེར་ཇི་ནི་ཝའི་ནང་དུ། ཇི་ནི་ཝའི་གླེང་སྟེགས་ ༢༠༡༨ Geneva Forum 2018 ཞེས་པའི་ཐོག་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བའི་སྐོར་ངོ་སྤྲོད་གནང་བ་དང་།
ལྷག་པར་ཆོལ་གསུམ་བོད་མིའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་སྦྲགས། འབྱུང་འགྱུར་བོད་དོན་བདེན་མཐའ་མ་གསལ་བར་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་གནང་སྟེ། བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་དགོས་པའི་སྐོར་དང་། རྒྱ་ནག་ནང་ལ་མཚོན་ནའང་དཀའ་སྡུག་མྱོང་བཞིན་པའི་རྒྱ་མི་རིགས་ཡོངས་ནས་ཀྱང་། རྒྱ་ནག་ནང་དུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐུབ་པའི་ཐུན་མོང་གི་དམིགས་ཡུལ་དེ་དག་བསྒྲུབ་ཆེད་མཉམ་རུབ་དགོས་གལ་དང་། སེམས་ཤུགས་མ་ཆག་པར་འབད་བརྩོན་མུ་མཐུད་ཐུབ་པ་ཡིན་ན་བོད་ནང་དུ་བོད་མིའི་རང་དབང་བསྐྱར་གསོ་ཐུབ་རྒྱུ་མ་ཟད། རྒྱ་ནག་ནང་དུའང་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བསྐྱར་གསོ་ཐུབ་རྒྱུ་ཡིན་སྐོར་སོགས་གསུངས།
རྒྱ་རིགས་གཏམ་བཤད་གནང་མཁན་ཁྲོད་རྒྱ་རིགས་མང་གཙོ་དོན་གཉེར་བའི་འགོ་འཁྲིད་འབུམ་རམས་པ་ཡང་ཅན་ལི་(Yang Jianli)དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་མིན་མི་ཤལ་(Min Michele) ཡིན་འདུག ཁོང་གཉིས་ནས་བོད་ཐོག་རྒྱུད་མངའ་ཡོད་པའི་ལོ་རྒྱུས་དང་། ད་ལྟའི་བོད་ནང་དུ་བོད་མི་ཚོར་དམ་བསྒྲགས་སུན་གཙེར་ལ་བརྟེན་དཀའ་སྡུག་ཧ་ཅང་མྱོང་བཞིན་པའི་གནས་སྟངས་སྐོར་གསུང་པ་མ་ཟད།
སླད་ཀྱང་བོད་དོན་ཐོག་མུ་མཐུད་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་གསུངས། སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསར་དུ་བསྐོ་གཞག་གནང་བའི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ངོ་སྤྲོད་གནང་བ་དང་སྦྲགས། རྒྱ་ནག་མི་མང་དང་འབྲེལ་བ་བྱ་རྒྱུ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་ལྟར་བོད་དོན་བདེན་མཐའ་གསལ་ཆེད་ཧ་ཅང་གལ་གནད་ཆེ་བའི་ལས་དོན་ཞིག་ཡིན་སྐོར་སོགས་གསུང་པ་མ་ཟད། རྒྱ་རིགས་འབྲེལ་མཐུད་པ་གསར་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་ཀྱང་རྒྱ་རིགས་དང་འབྲེལ་ལམ་དམ་ཟབ་རྒྱུན་སྐྱོང་སླད་རང་ནུས་གང་ཡོད་གནང་རྒྱུ་ཡིན་སྐོར་གསུང་འདུག་པ་བཅས།།