༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཐེ་ཝན་ཧྲི་ཤིན་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཡར་རྒྱས་ཞིབ་འཇུག་སྡེ་ཚན་ནས་ ༢༠༡༡ སློབ་ལོའི་ལེགས་སྦྱར་ཞིག་གོ་སྒྲིག་གནང་ཡོད་ཅིང་། ལས་རིམ་དང་པོའི་བརྗོད་གཞིའི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་། ཁྲིམས་ལུགས། བོད་དོན་བཅས་ཀྱི་སྐོར་ལ་མཁས་དབང་དང་ཆེད་ལས་མི་སྣ་གདན་འདྲེན་ཞུས་ཏེ་ཞིབ་འཇུག་སློབ་མ་དང་མཉམ་དུ་བགྲོ་གླེང་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་གདན་ཞུ་གནང་དོན་བཞིན། ཁོང་གིས་སློབ་མ་རྣམས་ལ་བོད་ཀྱི་གནད་དོན་སེལ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཙོ་བོ་དོན་ཚན་ཆེ་བ་གསུམ་སྟེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། བོད་ཀྱི་གནད་དོན། དེ་སེལ་བའི་ཐབས་ལམ་སོགས་ངོ་སྤྲོད་གསུང་བཤད་གནང་ཡོད་པར་སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་ཉན་པ་དང་ཚིག་ཐོ་སོགས་བཀོད་ཅིང་། སློབ་ཐུན་ཆུ་ཚོད་གཉིས་དང་ཕྱེད་ཀ་ཡིན་རུང་ཞིབ་འཇུག་སློབ་མ་དང་། ཆེད་དུ་ཟུར་ཉན་ལ་ཕེབས་པའི་མི་སྣ་ཚོས་བོད་དང་འབྲེལ་བའི་དྲི་བ་མང་པོ་བཏང་བར་བརྟེན་ཆུ་ཚོད་ཕྱེད་ཀ་ལྷག་འཕར་འགྱངས་ཞུ་དགོས་བྱུང་ཡོད་པ་མ་ཟད། སྐབས་དེར་བོད་དོན་ངོ་སྤྲོད་དོན་སྙིང་ལྡན་པ་ཞིག་བྱུང་ཡོད། སློབ་མ་དེ་དག་སློབ་གྲྭ་ནས་ཐོན་རྗེས་ཕལ་ཆེ་བ་གསར་འགྱུར་ལས་རིགས་ཐོག་བསྐྱོད་མཁན་ཤ་སྟག་ཡིན་འདུག་པ་བཅས། །
ཐེ་ཝན་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་ཐེ་ཝན་སློབ་གྲྭ་ཆེན་མོ་ནང་བོད་དོན་ངོ་སྤྲོད་གནང་།
གསར་གནས།
འབྲེལ་གནས།