ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་བྱེད་རྣམས་ཀྱི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་སླད་ལས་བྱེད་ནང་ཁུལ་སིལ་སྤོལ་རྩེད་འགྲན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༢ ཉིན་མཇུག་སྒྲིལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། སྲི་ཞུའི་ལས་བྱེད། གཟིགས་མོ་བ་བཅས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་འདུ་འཛོམས་ཀྱི་ཐོག་མར་འཕྲོད་བསྟེན་ལས་ཁུངས་ཀྱི་བུ་མོའི་རུ་ཁག་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་བུ་མོའི་རུ་ཁག་དབར་རྩེད་འགྲན་གནང་སྟེ་འཕྲོད་བསྟེན་ལས་ཁུངས་ཀྱི་རུ་ཁག་ལ་ཨང་ ༢༠ དང་དྲིལ་བསྒྲགས་རུ་ཁག་ལ་ཨང་ ༤ ཐོབ་སྟེ་འཕྲོད་བསྟེན་ལས་ཁུངས་ཀྱི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་དང་། བུའི་རུ་ཁག་ནས་བདེ་སྲུང་ལས་ཁུངས་རུ་ཁག་ལ་ཨང་ ༥༤ དང་དཔལ་འབྱོར་ལས་ཁུངས་རུ་ཁག་ལ་ཨང་ ༤༦ ཐོབ་སྟེ་བདེ་སྲུང་ལས་ཁུངས་ཀྱི་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པས་ལྷན་ཁང་དབར་སིལ་སྤོལ་འགྲན་བསྡུར་མཐའ་མའི་ཉིན་མོར་ཕེབས་པའི་བཀའ་བློན་རྣམ་པ་དང་། དྲུ་ཆེ་རྣམ་པ། སྲི་ཞུ་བ་བགྲེས་གཞོན་རྣམ་པ། དེ་བཞིན་གཟིགས་མོ་བ་ཡོངས་ལ་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། སྤྱིར་སློབ་གྲྭ་ཡིན་ནའང་རེད། སྒྲིག་འཛུགས་ཤིག་ཡིན་ནའང་རེད། དེའི་ནང་རྒན་གཞོན་སྣ་ཚོགས་ཡོད་པ་མ་ཟད། ལྷག་པར་གཞོན་སྐྱེས་མང་པོ་ཡོད་སྟབས། ཕྱག་ལས་དང་སློབ་སྦྱོང་ཁོ་ན་མིན་པར་སྤྲོ་གསེང་དང་གུ་ཡངས་སླད་རྩེད་རིགས་འདྲ་མིན་རྩེད་རྒྱུའི་ལུགས་སྲོལ་བཟང་པོ་ཆགས་ཡོད། སྤྱིར་དེ་སྔའི་བཀའ་ཤག་སྐབས་ནས་ཡོད་པ་ཞིག་རེད། བར་ལམ་ནས་གང་ཐུབ་ཡར་རྒྱས་བཏང་སྟེ་སེལ་སྤོལ་རྩེད་ཐང་འདིའི་མཚོན་པའི་དེ་འདྲའི་བྱེད་སྒོ་གང་ཙམ་ཡར་རྒྱས་བཏང་ཡོད་རེད།
ད་རེས་འགན་གཙོ་བོ་བཞེས་མཁན་འཕྲོད་བསྟེན་ལས་ཁུངས་དང་། དེ་བཞིན་རྩེད་རིགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པས་འགན་བཞེས་ནས་དེ་རིང་མཐའ་འཁྱོངས་པ་བྱུང་བ་རེད། ཧ་ཅང་ཡག་པོ་བྱུང་འདུག བསྔགས་བརྗོད་ཞུ་རྒྱུ་ཡིན། རྩ་བའི་རྒྱལ་སྤྱི་དང་རྒྱལ་ནང་། ས་གནས། སྒྲིག་འཛུགས་སོགས་གང་དང་གང་ཡིན་ནའང་རྩེད་མོ་མང་པོ་ཞིག་ཡོང་རྒྱུའི་མཚོན་དོན་ཁ་ཤས་ཡོད་པ་རེད། སྐབས་རེས་དེ་དག་ཐུགས་དྲན་གསོ་གནང་བ་ཡིན་ན་ཡག་པོ་མིན་ནམ། དཔེར་ན། རྩེད་མོ་དེ་དག་གི་ནང་གལ་ཆེ་ཤོས་གཅིག་ཚང་མ་འདྲ་མཉམ་ཡིན་པ། རིགས་རུས་སོགས་ཀྱི་དབྱེ་བ་ཁྱོན་ནས་མེད་པ་ཟེར་རྒྱུ་ཞིག་དང་།
འགྲན་བསྡུར་བྱེད་ཀྱི་ཡོད་ནའང་ཕན་ཚུན་མཐུན་སྒྲིལ་ཡོད་པ། དེ་བཞིན་དེ་ལས་ཆེ་ཙམ་ཤོད་པ་ཡིན་ན་ག་བར་ཡིན་ནའང་མཐུན་སྒྲིལ་དང་གཅིག་སྒྲིལ་གལ་ཆེན་པོ་ཡིན་པའི་མཚོན་རྟགས་དང་། འགྲན་བསྡུར་དེ་ཡང་མི་དང་མིའི་དབར་དང་རུ་ཁག་དབར་འགྲན་བསྡུར་ལྟ་བུ་ཆགས་ཀྱི་ཡོད་ནའང་། རྩེད་མོ་དེ་དང་དེའི་ཚད་གཞི་བཟུང་ནས་ཚད་གཞི་དེར་སླེབ་ཐུབ་པ་བྱེད་རྒྱུའི་དམིགས་ཡུལ་འཛིན་པ་ཡིན་ན། ཕན་ཚུན་ང་རྒྱལ་ཆགས་སྡང་ཡོང་གི་མེད། དེ་མིན་གང་ཟག་དང་གང་ཟག་བར་ཁ་གཏད་གཅོག་ཐབས་བྱེད་པ་ཡིན་ན་རང་བཞིན་གྱིས་དགག་ཆ་ཡོད་པའི་འགྲན་བསྡུར་གྱི་གོ་བ་རང་བཞིན་གྱི་ཡོང་གི་ཡོད། དེར་བརྟེན་དེ་དག་དགོངས་པ་བཞེས་དགོས་རྒྱུ་ཚང་མས་མཁྱེན་གསལ་རེད།
གཞན་ཡང་རྩེད་མོ་རྩེ་གནང་བ་དེ་དག་འཕྲོད་བསྟེན་དང་འབྲེལ་བའི་ལུས་སེམས་གཉིས་ཀ་བདེ་ཐང་ཡོང་བ་གསུང་གི་ཡོད་པ་རེད། དེར་བརྟེན་ལུས་སེམས་བདེ་ཐང་དང་སེམས་ལ་ལྷོད་ལྷོད། ཕན་ཚུན་མཐུན་སྒྲིལ་སོགས་ལ་དགོངས་པ་བཞེས་པའི་ཐོག་ནས་རྩེད་མོ་རྩེ་བ་ཡིན་ན་དོན་དང་ལྡན་པ་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།