༢༠༡༡ ཟླ་ ༣ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཕི་ཡིན་སི་ཊེན་ (Dianne Feinstein) ལགས་ཀྱིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གསུང་བཤད་གནང་སྐབས་བོད་ནང་གི་གནས་སྟངས་ཐོག་བློ་འཚབ་ཡོད་སྐོར་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་རྒྱུར་ཐུགས་ཐག་བཅད་པ། དེ་བཞིན་ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་སྩལ་བའི་གསུང་འཕྲིན་ནང་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་ཚབ་ཁག་གཅིག་བོད་ནང་ཕེབས་དགོས་པའི་འབོད་སྐུལ་ལ་རྒྱབ་སྐྱོར་གནང་ཡོད།
དེ་ཡང་ཁོང་གིས་གསུང་དོན། ངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མི་མང་ནས་འོས་འདེམས་བྱས་པའི་མི་དེར་རྩིས་སྤྲོད་མཛད་རྒྱུ་ཐག་གཅོད་མཛད་པར་བསྔགས་བརྗོད་ཞུ་གི་ཡོད། ང་རང་སྒེར་ངོས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་འགྱུར་འགྲོས་དེར་རྒྱབ་སྐྱོར་ཞུ་རྒྱུའི་གྲ་སྒྲིག་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉེ་ཆར་གསུང་འཕྲིན་ནང་བཀའ་ཕེབས་པ་བཞིན་ཕྱི་ལོ་ ༡༩༧༠ དང་ ༡༩༨༠ ནང་བོད་མིའི་བདེན་དོན་འཚོལ་བའི་ལྟ་སྐོར་འཐུས་ཚབ་ཁག་གཅིག་བོད་ནང་བསྐྱོད་ཡོད་པ་ལྟར་ངས་རྒྱ་ནག་གཞུང་ལ་ལྟ་སྐོར་དེ་རིགས་བསྐྱར་དུ་བསྐྱོད་ཆོག་པའི་འབོད་སྐུལ་ཤུགས་ཆེ་བྱེད་ཀྱི་ཡོད། དེ་ལྟ་བུའི་བདེན་དོན་འཚོལ་ཞིབ་ཀྱི་འཐུས་མི་བརྒྱུད་བོད་ནང་གི་བོད་མི་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དཀའ་ངལ་ཇི་འཕྲད་སྐོར་དོ་སྣང་ཤུགས་ཆེ་རུ་འགྲོ་རྒྱུ། དེ་བཞིན་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་འཚོལ་ཆེད་དང་བོད་རྒྱ་ཞི་མོལ་ཐོག་ལའང་ཡར་རྒྱས་འགྲོ་ཐུབ་ཀྱི་རེད། ཅེས་སོགས་གསུངས་ཡོད་པ་བཅས། །