ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་གནང་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་བཞུགས་ཁྲི་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སློབ་གཉེར་ཁང་གི་སློབ་སྤྱི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་སློབ་གཉེར་ཁང་གི་ལོ་གཅིག་གི་ལས་བསྡོམས་ཞིབ་ཕྲ་སྙན་སྒྲོན་ཞུས་ཤིང་། སྐུ་ཕྱྭའི་ཞབས་རིམ་སླད་འཛིན་རིམ་དང་པོའི་སློབ་གཉེར་བ་རྣམས་ནས་རྟེན་འབྲེལ་བསྟོད་པ་གསུང་འདོན་དང་། འཛིན་རིམ་གསུམ་པའི་སློབ་གཉེར་བ་རྣམས་ནས་ང་ཚོར་བྱམས་སྐྱོང་གནང་དང་ཞེས་པའི་སྙན་ཚིག་གྱེར་འདོན། དེ་བཞིན་འཛིན་རིམ་ལྔ་པའི་སློབ་གཉེར་བ་རྣམས་ནས་བཀའ་སློབ་སྙིང་གི་ནོར་བུ་ཀློག་འདོན། འཛིན་རིམ་དྲུག་པ་དང་དགུ་པ་གཉིས་ནས་ཨང་རྩིས་ཀྱི་རྟགས་གསལ་དང་། འཛིན་རིམ་བདུན་པ་བརྒྱད་པ་གཉིས་ནས་ཚན་རིག་གི་ཐོག་ནས་རྟགས་གསལ་གཟིགས་འབུལ་ཞུས།
གཞན་ཡང་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་གཉེར་བའི་ཡིག་གཟུགས་འགྲན་བསྡུར་དང་། རི་མོ་འགྲན་བསྡུར། དཔོད་བྲིས་འགྲན་བསྡུར། ཨིན་བོད་རྩོམ་ཡིག་འགྲན་བསྡུར་བཅས་ཀྱི་ཨང་རིམ་སྒྲོགས་སྦྱང་གནང་རིམ་བཞིན་ཨང་རིམ་དང་པོ་གསུམ་ལ་ཆོས་རིག་བཀའ་བློན་མཆོག་དང་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ནས་ལེགས་སྐྱེས་བྱ་དགའ་གནང་།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཚན་ཐོ་དང་པོ་དགུང་ལོ་ ༩༧ ལ་ཕེབས་པ་དབུ་ཟུར་སྐུ་ཞབས་ངག་དབང་བཀྲ་ཤིས་ལགས་ཀྱིས་བླང་དོར་ཞུ་སྒོ་དང་བཅས་པའི་ཐོག་ལ་ལམ་སྟོན་གྱི་གསུང་བཤད་དང་། གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ལོ་སློབ་གཉེར་ཁང་དབུ་འབྱེད་བཀའ་དྲིན་བསྐྱངས་སྐབས་སྩལ་བའི་གལ་ཆེའི་བཀའ་སློབ་ལས་བརྩམས་ཏེ་དགེ་ལས་སློབ་ཕྲུག་དང་བཅས་པར་སློབ་གཉེར་ཁང་འདི་ཉིད་གསར་འཛུགས་ཞུས་པའི་དགོས་དམིགས་དང་། མདོ་སྔགས་རིག་གནས་དང་། ཕྱི་ནང་གི་སྐད་ཡིག ཨང་རྩིས། ཚན་རིག ཀམ་པུ་ཊར་དང་བཅས་པའི་སློབ་གཉེར་གྱི་ཞུ་སྒོ་སོགས་ལ་འབད་བརྩོན་ཞུ་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་ཟབ་རྒྱས་གནང་།
མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སློབ་གཉེར་ཁང་འདི་ཉིད་ཀྱི་ལོ་གཅིག་གི་དམིགས་བསལ་འབུར་ཐོན་གྱི་གྲུབ་འབྲས་དང་བཅས་པར་ལེགས་སོའི་བསྔགས་བརྗོད་དང་། ད་ཡོད་ཀྱི་སློབ་གཉེར་བ་རྣམས་ལ་རྩ་ཆེར་བརྩིས་ཏེ་གསོ་སྦྱོང་གི་གལ་གནད་སྐོར་དང་། སློབ་གཉེར་བ་གང་ཟག་ངོས་ནས་ཀྱང་དགེ་བའི་བཤེས་གཉེན་རྣམ་པར་རྟག་ཏུ་གུས་བཀུར་དང་བརྩེ་འཇོག་གཏན་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས། རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་ཐུན་མོང་ནས་ཆོས་རིག་བཀའ་བློན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་བཅས། །