༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་བཞུགས་སྒར་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥། ༣༠ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་ལྷ་མོ་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་ཆོག་གྲྭ་ནས་བསྟན་སྲུང་དམར་ནག་གཉིས་ཀྱི་བསྐང་འཕྲིན་ཟབ་གསོལ་རྒྱས་པ་གསུང་བསྐུལ་གནང་ཡོད། དེ་རྗེས་ཆུ་ཚོད་ ༧ པའི་ཐོག་གཞུང་ཞབས་ཆེ་ཕྲ་དང་། ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་སོགས་ནས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་དབང་པོའི་གཞུ་རིས་ལ་འགྲན་པའི་དར་ལྡིང་བརྒྱ་ཕྲག་བརྒལ་བ་བར་སྣང་དུ་དཔྱངས་ཏེ། མགོན་པོ་གང་ཉིད་མཆོག་གི་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་གནང་དང་ཆབས་ཅིག་དར་ཆེན་ལ་ན་བཟའ་སྒྲོན་འབུལ་ཞུས་ཡོད། དེ་བཞིན་རྡ་ས་མཉམ་ལས་བཟོ་གྲྭས་གོ་སྒྲིག་འོག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྣམ་གྲྭའི་དགེ་འདུན་བཞི་གྲས་རྒྱགས་བརྔན་ལྷ་བསངས་དང་། རྡ་ས་རང་བདེན་ཚོགས་ཆུང་གིས་གོ་སྒྲིག་འོག་གནས་ཆུང་དགེ་འདུན་བརྒྱད་གྲྭ་དང་། མང་ཚོགས་བཅས་ནས་བསངས་དང་གསེར་སྐྱེམས་ཀྱི་ཆོ་གའི་ཞལ་འདོན་འུར་འདོན་གྱིས་བསྟན་སྲུང་རྣམས་ལ་གཏང་རག་ཕུལ་ཏེ་༸གོང་ས་མཆོག་གི་མཛད་འཕྲིན་རྒྱས་པ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་གནང་མཐར་ལྷ་རྒྱལ་ཀི་སོ་ལན་གསུམ་འབྲུག་སྒྲ་ལྟར་བསྒྲགས་ཏེ་དཀར་ཕྱོགས་ཀྱི་སྲུང་མའི་དབུ་འཕང་དགུང་དུ་བཏེགས། མཛད་སྒོ་དངོས་གཞིའི་སྐབས་གཞུང་ཞབས་རྣམ་པ་དང་ཕྱི་ནང་གི་སྐུ་མགྲོན་སོགས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྷན་འཛོམས་རྗེས་སྔ་དྲོ་ཆུ་ཚོད་ ༩ ཐོག་རང་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་གཙུག་ལག་ཁང་དུ་གདན་ཞུས་ཀྱི་བཞུགས་སྟེགས་སུ་༸ཞབས་སོར་འཁོད་མཚམས་བོད་ཀྱི་ཟློས་གར་བས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་རྒྱལ་གླུ་བཏང་། དེ་རྗེས་བཀའ་ཁྲི་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཌྷལ་རྟེེན་གསུམ་འདེགས་འབུལ་ཞུས་རྗེས་ཁྲིམས་ཞིབ་པ་གཞན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རིམ་བཞིན་རྟེན་འབྱུང་མཇལ་དར་འདེགས་འབུལ་ཞུ་སྐབས་བོད་གཞུང་ཟློས་གར་བས་༸རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བསྟོད་པ་དྲུག་ཅུའི་དབྱངས་ལྡན་གྱི་མཉམ་གཞས་གཟིགས་འབུལ་ཞུས། དེ་ནས་གསོལ་ཇ་དང་བཞེས་འབྲས་འདེགས་འབུལ་ཞུས་རྗེས་གཞུང་ཞབས་ཁོངས་ནས་ཞབས་ལོ་ ༢༥ འཁོར་བའི་གཞུང་ཞབས་གཉིས་ལ་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་ལེགས་སྐྱེས་གནང་རྒྱུར་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ནས་ལོ་རྒྱུས་སྙན་སྒྲོན་ཟིན་མཚམས། ༸གོང་ས་མཆོག་གིས་ལེགས་སྐྱེས་བཀའ་དྲིན་སྩལ། དེ་རྗེས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་འཇམ་དཔལ་ཆོས་བཟང་མཆོག་གིས་ལས་དོན་གཟེངས་ཐོན་གཞུང་ཞབས་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས་སྙན་སྒྲོན་ཞུས་གྲུབ་བསྟུན་༸གོང་ས་མཆོག་གིས་གཟེངས་རྟགས་བཀའ་དྲིན་སྩལ། དེ་ནས་ཨམར་ཨཇལ་ཞེས་པའི་ཧིྡིའི་གསར་ཤོག་ལས་ཁང་ནས་གོ་སྒྲིག་ཐོག་རྒྱ་གར་ས་གནས་སློབ་ཕྲུག་ཁག་གཅིག་དང་དེ་བཞིན་རྡ་སའི་ (Lions Club) ཞེས་པའི་སེང་གེ་ཚོགས་པའི་སྐུ་ཚབ་གཉིས་ནས་རིམ་བཞིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་ཞུའི་མེ་ཏོག་དང་ཤིས་ཤོག་ཕུལ་ཡོད། དེ་ནས་བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་མིའི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་གཏན་འབེབས་ཀྱིས་ལག་བསྟར་འགོ་འཛུགས་ཞེས་པའི་དེབ་སྐྱེལ་ཕྱག་འཁྱེར་དང་། སྔ་ལོ་༸གོང་ས་མཆོག་གིས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེར་ན་གཞོན་རྣམས་ལ་རྒྱལ་སྲས་ལག་ལེན་སོ་བདུན་པའི་བཀའ་འཁྲིད་སྩལ་བ་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ནས་དཔར་སྐྲུན་ཞུས་པའི་ནང་ཆོས་སྙིང་ཏིགཅེས་པ། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་ནས་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་དཔེ་དེབ་རྩོམ་སྒྲིག་གིས་དཔར་འགྲེམས་གནང་ཡོད་པ་དེ་དབྱིན་ཡིག་ཐོག་ཕབ་སྒྱུར་ལེགས་གྲུབ་བྱུང་བ་དང་། དེ་བཞིན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཚྭ་ར་མའི་ཐབས་མཁས་ལགས་ཀྱིས་རྩོམ་འབྲི་གནང་བའི་སྙན་རྩོམ་དེབ་ཕྲེང་དང་པོ་རྣལ་འབྱོར་དང་འཁོར་བ་ཞེས་པ་རྣམས་རིམ་བཞིན་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་ཡོད། དེ་ནས་རྒྱ་གར་གྱི་ཨ་མ་བ་སུ་ཊའི་སློབ་ཕྲུག་ཁག་གཅིག་ནས་༸གོང་ས་མཆོག་ལ་འཚམས་འདྲིའི་མེ་ཏོག་དང་ཤིས་ཤོག་ཕུལ་རྗེས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་བཤད་གནང་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ། དེ་ནས་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་དམིགས་བསལ་བསྟོད་གླུ་གསར་རྩོམ་གནང་བའི་མཉམ་གཞས་རོལ་དབྱངས་དང་གཟིགས་འབུལ་ཞུས་ཡོད། དེ་རྗེས་རྡ་ས་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཡོད་པའི་ཚོགས་སྡེ་དང་། སློབ་གྲྭ མི་མང་། དེ་བཞིན་ཉེ་འཁོར་གྱི་རྒྱ་གར་དང་བོད་པའི་སློབ་ཕྲུག་སོགས་ནས་དགའ་སྟོན་རྐང་བྲོ་གླུ་གཞས་འགོ་འཛུགས་ཀྱིས་རྡ་ས་ས་གནས་འགོ་འཛིན་ནས་གཞས་སྣ་ཁག་ངོ་སྤྲོད་དང་སྦྲགས་སྙན་སྒྲོན་གྱིས་ཞབས་གཞས་ཁག་ལྔ་གྲུབ་མཚམས་༸གོང་ས་མཆོག་གིས་རྣམ་གྲྭའི་དཔེ་མཛོད་ཀྱི་ཉེ་འཁྲིས་སུ་བོད་ཀྱི་ལྷན་དྲུབ་དང་འཚེམ་དྲུབ་ཞལ་ཐང་གི་འགྲེམས་སྟོན་ལ་གཟིགས་སྐོར་མཛད་དེ་ཕོ་བྲང་ནང་ཆིབས་སྒྱུར་བསྐྱངས་ཡོད། དེ་ནས་ཞབས་གཞས་མུ་མཐུད་མཇུག་སྐྱོང་གིས་གཞས་སྣ་ཁག་སུམ་ཅུ་ཙམ་ཞིག་རྒྱ་ཆེའི་མི་མང་ ༥༠༠༠ བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་བསྟན་ཏེ་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གྲོལ་བ་བཅས།
གསར་གནས།
འབྲེལ་གནས།