ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པ་དང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱི་གོ་སྒྲིག་འོག་བཞུགས་སྒར་མེག་གྷན་དུ་རྟེན་གཞི་བྱས་པའི་ཝེ་ཀུན་ཐི་ The Vaikunth གསོལ་མགྲོན་ཁང་ནང་ཨ་རིའི་འགྲེམས་སྟོན་ཁང་ཁག་གི་འགན་འཛིན་དང་། འགྲེམས་སྟོན་དང་འབྲེལ་བའི་ཆེད་མཁས་མི་སྣ་ ༢༧ ། དེ་བཞིན་འཇར་མན་ནི་ནས་མི་གྲངས་ ༢ ། ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དང་འབྲེལ་ཡོད་ལས་བྱེད་གྲངས་ ༦ བཅས་ཁྱོན་མི་གྲངས་ ༣༥ འདུ་འཛོགས་ཐོག་འགྲེམས་སྟོན་ཁང་བརྒྱུད་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་སོང་། བགྲོ་གླེང་གནང་མཁན་ཡོངས་ནས་འགྲེམས་སྟོན་དང་པར་རིས་བརྒྱུད་ཁོར་ཡུག་དང་འགྲོ་བ་མི། དུད་འགྲོ་སྲོག་ཆགས་ཚུན་ཆད་ལའང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་བྱམས་བརྩེ་བརྒྱུད་ཇི་ལྟར་ཕན་བདེ་སྒྲུབ་དགོས་པའི་སྐོར་བགྲོ་གླེང་ལྷུག་པོར་གནང་སོང་།
དེ་ཡང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གོང་གི་བརྗོད་གཞི་དང་འབྲེལ་གསུང་དོན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ལྡི་ལིར་ཤེས་ཡོན་གྱི་ཚོགས་འདུ་ཞིག་གི་ཐོག་མ་འོངས་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དེ་གོང་འཕེལ་གཏོང་ཐུབ་པ་ཡིན་ན། དུས་རབས་རྗེས་མར་འགྲོ་བ་མི་ཡོད་དོ་ཅོག་ལ་ཕན་ཐོགས་ཡོང་གི་རེད། ཅེས་བཀའ་སློབ་སྩལ་ཡོད། དེར་བརྟེན་སློབ་གྲྭ་དང་མཐོ་སློབ་སོགས་ཀྱི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འགོ་བཙུགས་ཚར་བ་རེད། ཨ་རི་དང་ནུབ་ཕྱོགས་པའི་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ཚོའི་ནང་ཤེས་ཡོན་ཐོག་ལས་རིམ་འདྲ་མིན་སྤེལ་གྱི་ཡོད་སྟབས། འགྲེམས་སྟོན་ཁང་གི་ཤེས་ཡོན་གྱི་ལས་རིམ་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་རྩ་འཛིན་ཇི་ལྟར་འཇོག་དགོས་མིན་ཐད་ལ་ང་ཚོས་ཚོགས་འདུ་བསྐོངས་པ་ཞིག་རེད། ཅེས་དང་།
དེ་རིང་སྔ་དྲོ་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་དེང་རབས་ཤེས་ཡོན་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་དང་དྲི་བར་ཁག་ལ་བཀའ་ལན་སྩལ་སོང་། ཞེས་གསུངས། །