༢༠༡༨ ཟླ་ ༡༠ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ཟླ་ ༩ ཚེས་ ༢༨ ནས་འགོ་བཙུགས་ཏེ་རྒྱ་གར་མངའ་སྡེ་མཧཱ་ར་ཤི་ཀྲ། (Maharashtra) དང་། གྷོ་ཝ། (Goa) གུ་ཇུ་རཏ། (Gujurat) ར་ཇི་སི་ཐན་ (Rajasthan) བཅས་ཀྱི་ནང་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༥ ཉིན་ནས་ཉིན་གྲངས་ལྔའི་རིང་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཆེས་མཐོའི་དཔོན་རིགས་ཁག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག
རྒྱལ་ས་དིལླཱིར་ཉིན་གྲངས་ལྔའི་རིང་གི་བོད་དོན་ཞུ་སྐུལ་སྐབས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་དབུས་གཞུང་གི་བུད་མེད་དང་བྱིས་པའི་ལས་འཆར་ཡར་རྒྱས་བློན་ཆེན་ལྕམ་སྐུ་མེ་ནི་ཀ་གཱན་རྡི་ (Mrs. Maneka Gandhi, Union Minister for Women and Child Development) མཆོག་དང་། རྒྱ་གར་དབུས་གཞུང་གི་ཚན་རིག་དང་། བཟོ་རིག་བློན་ཆེན་སྐུ་ཞབས་ཧརཤ་ཝར་དྷན་ (Dr Harsh Vardhan, Union Minister of Science and Technology) མཆོག ལྡི་ལིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རཱམ་ ནི་ཝ་ས་ གྷོལ་ (Shri Ram Niwas Goel, Speaker, Delhi Vidhan Sabha) མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་རཱམ་མ་དྷེབ་ (Shri Ram Madhav, BJP National General Secretary) མཆོག དེ་བཞིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་འགོ་འཁྲིད་རྒན་གྲས་དང་། རྒྱ་གར་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ལལ་ཀེ་རི་ཤི་ན་ཨ་ད་ཝ་ནི་ (Shri Lal Krishna Advani ji,Former Deputy Prime Minister of India) མཆོག་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་འགོ་འཁྲིད་རྒན་གྲས་སྐུ་ཞབས་མུར་ལི་མ་ནོ་ཧར་ (Shri Murli Manohar Joshi ji) མཆོག
རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀ་པིལ་ སི་བྷལ་ (Mr. Kapil Sibal,LokSabha) མཆོག གྲོས་ཚོགས་འོག་མའི་འཐུས་མི་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་ཨ་ནིལ་བ་ལུ་ནི་ (Anil Baluni,LokSabha and BJP Media Spokesperson) མཆོག ཨུ་ཏར་ཁན་ཌ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ བྷག་ཏ་སིང་ཀོ་ཤ་ཡ་རི་ (Mr. Bhagat Singh Koshyari,MP and former Chief Minister of Uttarakhand) མཆོག ལྡི་ལི་ལྷོ་ཕྱོགས་ཀྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་དན་ལལ་ (Shri Madan Lal,MLA from south Delhi) མཆོག་བཅས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འདུག
ཕྱོགས་མཚུངས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤན་ཏ་ཀུ་མར་ (Shri.Shanta Kumar,MP and Convenor of All Party Parliamentary Forum for Tibet) མཆོག་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ (ShriIndresh Kumar, BTSM founder) མཆོག་བཅས་དང་མཇལ་འཕྲད་གནང་སྟེ། ཁོང་རྣམ་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
ཕྱི་ཚེས་ ༡༧ ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༥ བར་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (Press Club of India) ཞེས་པའི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ་དང་། སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ས་གནས་སུ་ཕེབས་དགོས་པའི་དམིགས་ཡུལ་དང་། རྒྱ་གར་མངའ་སྡེ་ཁག་ལྔའི་ནང་བོད་དོན་ཞུ་སྐུལ་གནང་བའི་སྐོར་བཅས་ཀྱི་ཐོག་གསུངས་གནང་འདུག སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་གསུང་བཤད་གནང་ཡོད་པ་དང་། འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་ཀརྨ་དར་རྒྱས་ལགས་ཀྱིས་ལྷན་ཚོགས་གཙོ་སྐྱོང་གནང་འདུག གསར་འགོད་ལྷན་ཚོགས་ཐོག་ཕྱི་ནང་གི་གསར་ཤོག་དང་། བརྙན་འཕྲིན་བརྒྱུད་ལམ་གཉིས་ཀའི་གསར་འགོད་པ་ཕེབས་ཡོད་འདུག
དེ་བཞིན་སྤྱི་འཐུས་རྣམ་པ་ལྡི་ལི་དོན་གཅོད་ཁང་དུ་ཆེད་ཕེབས་ཀྱིས་འདི་གའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་སྐོར་ངོ་སྤྲོད་གནང་བ་དང་། དེ་ནས་ཕྱི་ཚེས་ ༡༩ ཉིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་མངའ་སྡེ་ཁག་ནང་བོད་དོན་ཞུ་སྐུལ་ཕེབས་པའི་ཉམས་མྱོང་དང་། བསམ་འཆར་བཅས་ཞུས་གནང་འདུག་པ་བཅས།།