ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ ནས་ ༢༣ བར་ཉིན་གྲངས་བཅོ་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་རིག་གཞུང་ཚོགས་པ་ཁག་གི་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་འཚམས་འདྲིའི་གཟིགས་སྐོར་གནང་ཡོད་པ་དང་།
ཕྱི་ཚེས་ ༢༢ ཉིན་གྷོ་ཧ་ཊི་ Guwahati གནམ་གྲུ་ཐང་དུ་ཕེབས་འབྱོར་སྐབས་ཤི་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་བཞིན་བཀའ་བློན་མཆོག་ཤི་ལོངས་ས་གནས་མགྲོན་ཁང་དུ་ཕེབས་འབྱོར་སྐབས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སློབ་གྲྭ་དང་སྨན་རྩིས་ཁང་གི་སྐུ་ཚབ། དགོན་པའི་མཁན་པོ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
ཕྱི་ཚེས་ ༢༣ ཉིན་བཀའ་བློན་མཆོག་སམ་བྷོ་ཊའི་སློབ་གྲྭར་འཚམས་གཟིགས་གནང་ཡོད་པ་དང་། སྐབས་དེར་སློབ་གྲྭའི་དགེ་ཆེ་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་དགའ་སྤྲོའི་ངང་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་རྗེས་བཀའ་བློན་མཆོག་དགའ་ལྡན་ཆོས་གླིང་དགོན་པར་འཚམས་གཟིགས་གནང་སྐབས་དགོན་པའི་མཁན་པོ་ལགས་ཀྱིས་གཙོས་དགེ་འདུན་པ་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས།
བཀའ་བློན་མཆོག་གིས་མི་མང་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང་། ལྔ་དང་ལྔ་བཅུའི་འཆར་སྣང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་པ་སོགས་ཀྱི་སྐོར་བླང་དོར་ལམ་སྟོན་གནང་བ་དང་སྦྲགས། མང་ཚོགས་ཀྱི་དྲི་བར་ལན་འདེབས་ཁ་གསལ་གནང་ཡོད་པ་བཅས། །