༢༠༡༨ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕིན་ལེནྜིར་Finland གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་གནང་འདུག
དེ་ཡང་ཡུལ་དེའི་རྒྱལ་ས་ཧེལ་སིངྐི་གནམ་ཐང་དུ་Helsinki ཕེབས་འབྱོར་སྐབས་བྱང་ཡུ་རོབ་སྐུ་ཚབ་དོན་གཅོད་བསོད་ནསམ་ཚེ་རིང་ཕར་སི་ལགས་དང་ཕིན་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་འཐུས་མི་ལྕམ་སྐུ་ཨར་ཇ་སི་རི་ཀ་རི་ན་ཝ་རི་སི་ Ms Erja Siri-Kaarina Varis ལགས། དེ་བཞིན་ས་གནས་བོད་མི་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཧེལ་སིངྐི་མཐོ་སློབ་ University of Helsinki ཏུ་ཕེབས་ནས་དགེ་ལས་སློབ་མ་རྣམས་ལ་གསུང་བཤད་གནང་འདུག མཐོ་སློབ་དེ་ནི་ཡུལ་དེའི་ནང་གི་མཐོ་སློབ་རྙིང་ཤོས་ཡིན་ཞིང་། གསུང་བཤད་ཀྱི་བརྗོད་གཞི་ནི། ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་རྒྱལ་ཁབ་ཀྱི་ངོས་འཛིན་མ་ཐོབ་པའི་བོད་མིའི་ཁྲིམས་དང་ཆབ་སྲིད་ཀྱི་སྐུ་ཚབ་མཚོན་པའི་མི་སྣ། ཞེས་པའི་ཐོག་གསུང་བཤད་གནང་འདུག
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་གནས་འབབ་འོག བོད་དེ་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་དེ་སྔ་ཆོས་རྒྱལ་ཁྲི་རལ་སྐབས་ཏེ་ ༨༢༡ ལོར་རྒྱའི་ས་མཚམས་གུང་གུ་རྨེ་རུ་དང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ཁྱོན་རྡོ་རིང་གསུམ་བཙུགས་ནས་ཡུལ་གཉིས་དབར་ཕན་ཚུན་དམག་འཐབ་མི་བྱེད་པར་སོ་སོའི་ས་མཚམས་སྲུང་རྒྱུར་ཁས་ལེན་བྱས་པའི་སྐོར་ལོ་རྒྱུས་ཁུངས་སུ་བྱས་ནས་བོད་དེ་སྔ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་དག་ཐེར་གནང་བ་དང་སྦྲགས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འཁྱོག་བཤད་བྱེད་བཞིན་པ་དེ་རྫུམ་རྐུབ་བརྟོལ།
ཕྱོགས་མཚུངས་སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་གཅིག་གི་སྲིད་གཞུང་ཡིན་པར་ངོས་འཛིན་ད་ཕན་མ་ཐོབ་པའི་བོད་མིའི་སྒྲིག་འཛུགས་ལ་འཕྲད་བཞིན་དཀའ་ངལ་སྐོར་དང་། བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུའི་སྐོར། དེ་བཞིན་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་གསལ་བའི་ཐབས་ལམ་བཟང་ཤོས་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན་སྐོར་གསུང་པ་དང་སྦྲགས། ཕིན་ལེནྜིས་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་གཞི་རིམ་གྱི་བཟང་སྤྱོད་དང་ལྟ་གྲུབ་གཞིར་བཟུང་ནས་འཛམ་གླིང་ས་གནས་གང་དུའང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་དང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་ལ་ཆུ་མཛོད་ཚོད་མེད་རྒྱག་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་དང་། བོད་མི་འབྲོག་པ་རྣམས་ལ་རྒྱ་ནག་གཞུང་གིས་བཙན་དབང་འོག་གཏན་འཇགས་གྲོང་ཚོ་ཟེར་བར་གནས་སྤོ་བྱེད་བཅུག་པར་བརྟེན་བོད་མི་དེ་དག་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་སྐོར་སོགས་གསུང་བཤད་ལས་རིམ་མཇུག་ཏུ་དྲི་བ་དྲིས་ལན་ལས་རིམ་རྣམས་བརྙན་འཕྲིན་བརྒྱུད་ཐད་ཀར་རྒྱང་སྲིང་གནང་འདུག
སྤྱིར་དེ་ཉིན་སྔ་དྲོ་སྲིད་སྐྱོང་མཆོག་གིས་ཡུལ་དེའི་རིག་གཞུང་དང་རྩེད་རིགས་བློན་ཆེན་ཟུར་པ་སྐུ་ཞབས་ Paavo Arhinmaki དང་མཇལ་འཕྲད་གནང་ཞིང་། ཕྱེད་ཡོལ་དུ་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ས་ཏུ་ཧ་སི་ Satu Hassi མཆོག་དང་མཇལ་འཕྲད་གནང་ཡོད་འདུག མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་གསེར་རྟ་བླ་རུང་ཆོས་སྒར་དང་ཡ་ཆེན་ཆོས་སྒར་སོགས་གཏོར་བཤིག་བཏང་དང་གཏོང་བཞིན་པའི་སྐོར། ༢༠༠༩ ནས་བཟུང་བོད་ནང་དུ་བོད་མི་ ༡༥༢ རང་ལུས་མེར་སྲེག་བཏང་ནས་བོད་ལ་རང་དབང་དགོས་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་འབོད་སྒྲ་བསྒྲགས་ཡོད་པ་སོགས་ཞིབ་ཕྲ་གསུངས།
ཕྱོགས་མཚུངས་དེང་སྐབས་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་ཟེར་བ་དཔལ་འབྱོར་གྱི་ལས་གཞི་རྒྱ་ཆེ་ལག་བསྟར་བྱེད་པ་དང་སྦྲགས། ཆབ་སྲིད་ཀྱི་ཤུགས་གནོན་འོག་རྒྱལ་ཁབ་མང་པོ་ཞིག་གི་རྒྱལ་ནང་གི་ཆབ་སྲིད་གནད་དོན་ཐོག་དངོས་ཤུགས་བརྒྱུད་ནས་གནོན་ཤུགས་སྤྲོད་བཞིན་པར་བརྟེན་ཡིད་གཟབ་དགོས་པ་གསུངས།
ཉིན་མཐའ་མར་སྲིད་སྐྱོང་མཆོག་གིས་ཕྱེད་ཡོལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་དགོང་ཚིགས་ལ་རོལ་སྐབས་༢༠༡༨ ལོ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་ཐེངས་འདིར་ཡུལ་དེའི་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་ལའང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་གསུངས།
ཕྱི་ཚེས་ ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་ཁག་གཅིག་དང་རྒྱ་ནག་རྟོག་ཞིབ་པ། དེ་བཞིན་མཁས་དབང་བཅས་དང་བགྲོ་གླེང་གནང་རྒྱུ་མ་ཟད། གསར་འགོད་པ་ཁག་གཅིག་གི་བཅར་འདྲིར་དང་ལེན་གནང་རྗེས་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས།