ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་མི་ལོ་ཧྲིལ་པོ་ ༣༨ བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ལྷག་བློ་ཆེ་བསྐྱེད་ངང་ཞུས་རྗེས་ཉེ་དུས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣༠ ཉིན་བགྲེས་ཡོལ་ཕེབས་ཐོན་ཟིན་ཡོད།
དེ་ཡང་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་ལོ་ངོ་ ༣ རིང་རང་ཁོངས་ལས་བྱེད་ཀྱི་ངོ་བོའི་ཐོག་ཞབས་ཞུ་དང་། དེ་རྗེས་ལོ་ངོ་ ༣༥ སྲི་ཞུ་བ་ངོ་མའི་སྒོ་ནས་ཞབས་འདེགས་ཞུས་གནང་ཡོད། ཐོག་མའི་ཞབས་ཞུ་དཔལ་འབྱོར་ལས་ཁུངས་ནང་འགོ་འཛུགས་ཀྱིས་མཐའ་མའི་ཞབས་ཞུ་ཡང་དཔལ་ལས་ནང་མཇུག་སྒྲིལ་ལེགས་གྲུབ་ཟིན་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་བཀའ་ཤག་གིས་སྤྲོད་དཔང་དུ་བདེ་སྲུང་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་བསྐོ་གཞག་བྱུང་དོན་བཞིན་དྲུང་ཆེ་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་ཀྱི་དྲུང་ཆེ་གསར་པ་ཡེ་ཤེས་དབང་མོ་ལགས་ནས་རྩིས་ལེན་ཟིན་པ་དང་ཁོང་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་དྲུང་ཆེ་གཉིས་པ་དེ་ཆགས་ཡོད་པ་བཅས། །