ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༩ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༨ ནས་ཟླ་ ༡༠ ཚེས་ ༡༩ བར་རྒྱ་གར་མངའ་སྡེ་མཧཱ་ར་ཤི་ཀྲ། (Maharashtra) དང་། གྷོ་ཝ། (Goa) ར་ཇི་སི་ཐན། (Rajastan) གུ་ཇུ་རཏ། (Gujurat) རྒྱལ་ས་ལྡི་ལི་བཅས་ཀྱི་ནང་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ཚེས་ ༥ ཉིན་ནས་གྷོ་ཝ་མངའ་སྡེའི་ནང་ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༥ ཉིན་གྷོ་ཝ་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་མིར་དུ་ལ་སིན་ཧ་ (Ms Mridula Sinha, Honorable Governor of Goa) མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཁོང་གི་བཞུགས་གནས་ (Raj Bhavan) སུ་སྣེ་ལེན་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་གནང་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་རྒྱ་གར་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཕུལ་གནང་ཡོད་འདུག
གྷོ་ཝ་མངའ་སྡེའི་སྲིད་སྐྱོང་མཆོག་མཇལ་འཕྲད་མ་གནང་སྔོན་དུ་གྷོ་ཝའི་སྲིད་སྐྱོང་ལས་ཁུངས་ཀྱི་ལས་བྱེད་སྐུ་ཞབས་ཨན་ཤུ་མན་ཨ་སྦི་ཤེག་ (Mr. Anshuman Abhishek, Officer on Special Duty to the Governor of Goa) ལགས་ཀྱིས་གྷོ་ཝ་མངའ་སྡེའི་སྲིད་སྐྱོང་མཆོག་གི་བཞུགས་གནས་ (Goa Raj Bhavan) ཀྱི་ལོ་རྒྱུས་སྐོར་སྙིང་བསྡུས་ཤིག་འགྲེལ་བརྗོད་གནང་འདུག དེ་རྗེས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་གྷོ་ཝ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པ་ར་མོ་ཌི་ས་ཝན་ཌི་ (Dr Pramod Sawant, Speaker of the Goa Legislative Assembly) མཆོག་དང་ལྷན་མངའ་སྡེའི་གྲོས་ཚོགས་ལས་ཁུངས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྐུ་ཚབ་ཚོགས་ཆུང་ནས་སྐུ་ཞབས་ཁོང་ལ་བོད་ཀྱི་གནད་དོན་ཐོག་འགྲེལ་བརྗོད་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་གནང་བ་དང་། དེ་བཞིན་སྐུ་ཞབས་ཁོང་རྡ་ས་བཞུགས་སྒར་དུ་ཕེབས་གནང་མཛད་རྒྱུའི་རེ་སྐུལ་ཡང་ཞུས་གནང་འདུག
དེ་ནས་གྷོ་ཝ་མངའ་སྡེའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་གནང་སྟེ། གྷོ་ཝ་བྷི་ཇེ་པི་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ་ཞབས་ས་ཌ་ནན་ཌ་ཤི་ཊི་ཏ་ན་ཝེ་ཌི་ (Mr. Sadanand Shet Tanavade, Party General Secretary) ལགས་ཀྱིས་གཙོས་ཚོགས་པའི་ལས་བྱེད་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། ཕྱོགས་མཚུངས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་གྷོ་ཝ་མངའ་སྡེའི་ཀོང་རེ་སི་སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཕེབས་ཏེ། ཚོགས་པའི་ཚོགས་གཙོ་སྐུ་ཞབས་གྷི་རི་ཤི་ར་ཅོ་དན་ཀར་ (Mr. Girish R. Chodankar, Party President) ལགས་དང་། ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཐེམ་བུ་བྷའོ་བན་དི་ཀར་ (Mr.Thambhu Bhau Bandekar, former Deputy Speaker and Party Vice President) ལགས་རྣམ་གཉིས་ཀྱིས་གཙོས་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་ཡོད།
གོང་གསལ་སྲིད་དོན་ཚོགས་པ་གཉིས་ཀྱི་ལས་ཁུངས་སོ་སོའི་ནང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཚོགས་པའི་འགོ་འཁྲིད་རྣམས་དང་ལྷན་ཆུ་ཚོད་གཅིག་ཙམ་རིང་བོད་ཀྱི་གནས་སྟངས་ཐོག་གྲོས་བསྡུར་གནང་ཡོད་པ་མ་ཟད། ཚོགས་པ་སོ་སོའི་འགོ་འཁྲིད་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་ཕུལ་གནང་ཡོད་འདུག
ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ (Goa International Center) དུ་ “བོད་ཀྱི་གནད་དོན་གནད་འགག་ཇི་ཆགས།” (Why Tibet Matters) ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་གནང་ཡོད་པ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་ནང་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྐོར་དང་། བོད་ཀྱི་ཁོར་ཡུག་ཉམས་ཉེས་ཀྱིས་རྒྱ་གར་ལ་ཤུགས་རྐྱེན་ཐེབས་ཚུལ་ཐོག་གསུངས་གནང་འདུག་པ་དང་། གཏམ་བཤད་ལས་རིམ་འདིའི་ནང་ (Goa International Center) ཚོགས་མི་རྣམས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་འདུག་པ་བཅས། །