ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ དང་ ༩ བཅས་ཉིན་གྲངས་གཉིས་རིང་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྲི་ཞུ་བ་ཕོ་མོ་དབྱེར་མེད་གྲངས་ ༤༡ ལ་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་སྤེལ་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་སྤེལ་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བའི་ཐོག་ཟབ་ཁྲིད་པ་ལྕམ་སྐུ་ Nandita Pradan Bhatt ལགས། འདིར་ཕེབས་པའི་ལས་བྱེད་ཡོངས་ལ་ཐོག་མར་ངས་དཔལ་འབྱོར་ལས་ཁུངས་ཀྱི་འགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་སྤྱིར་བུད་མེད་ནུས་སྟོབས་ཐོག་མར་དཔལ་འབྱོར་ལས་ཁུངས་དང་། དེ་ནས་ནང་སྲིད་ལས་ཁུངས། དེ་ནས་སླར་ཡང་དཔལ་འབྱོར་ལས་ཁུངས་སྐོར་གྲོས་ཚོགས་ནང་ངས་ཕྲན་བུ་བཤད་པ་རེད། ཚན་པ་འདི་དཔལ་འབྱོར་ལས་ཁུངས་སུ་སླེབས་པ་དེ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ངོས་ནས་ལས་གཞི་མང་པོར་ལྟ་བཞིན་ཡོད་སྟབས། རྒྱུ་མཚན་དེ་ལ་བརྟེན་ནས་དཔལ་འབྱོར་ལས་ཁུངས་སུ་སླེབས་པ་རེད།
མའི་རྟེན་དེ་བུད་མེད་ཡིན་ཞིང་། ང་ཚོ་ཚང་མ་ཨ་མའི་མངལ་ནས་སྐྱེས་པ་ཡིན་སྟབས། མིའི་འབྱུང་ཁུངས་གཙོ་བོ་ཨ་མ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཨ་མ་ནི་འཛམ་གླིང་འདིའི་སྟེང་འགྲོ་བ་མི་རིགས་ཡོངས་ལ་བྱམས་བརྩེའི་རིན་ཐང་སློབ་འཁྲིད་བྱེད་མཁན་ཆེས་ཐོག་མ་ཡིན་སྐོར་བཀའ་སློབ་བསྩལ་དང་སྩོལ་མུས་ཡིན།
སྤྱིར་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ནུས་སྟོབས་སྐོར་ལ་དཀའ་ངལ་དེ་ཙམ་མེད། དེ་བཞིན་ཕོ་མོ་འདྲ་མཉམ་མེད་པའི་དཀའ་ངལ་དེའང་བོད་མིའི་སྤྱི་ཚོགས་ནང་དེ་ཙམ་ཤུགས་ཆེན་པོ་ཞིག་ཡོག་རེད་བསམ་པ་དྲན་གྱི་མེད། འདིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ལ་མཚོན་ནའང་ལས་ཁུངས་ཕལ་མོ་ཆེའི་ནང་སྲི་ཞུའི་ལས་བྱེད་སྐྱེས་པ་ལས་སྐུ་སྐྱེས་མ་མང་བ་ཡོད་སྟབས་འདིར་ཟབ་སྦྱོང་ནང་དུ་བུད་མེད་མཉམ་ཞུགས་གནང་མཁན་མང་བ་ཆགས་རྒྱུ་རེད་བསམ་གྱི་འདུག
ངའི་ལས་ཁུངས་ནང་བརྒྱ་ཆ་མང་བ་སྐུ་སྐྱེས་མ་རེད། དེ་རིང་གི་ཟབ་སྦྱོང་འདི་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་ཟབ་སྦྱོང་འདི་ཁྲལ་ལྟ་བུ་ཞིག་ལ་མ་བརྩིས་རོགས་ཞུ་རྒྱུ་ཡིན། ཟབ་སྦྱོང་བ་རྣམས་ཀྱིས་རང་ཉིད་སྣོད་ཁ་སྦུབ་པ་དང་། སྣོད་ཞབས་རྡོལ་བ། སྣོད་དྲི་མ་ཅན་བཅས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་ཏེ་ཟབ་སྦྱོང་ནང་མཉམ་ཞུགས་ཡག་པོ་གནང་དགོས་རྒྱུ་ང་ཚོའི་ལས་འགན་རེད། དེ་ཡང་ས་སྐྱ་ལེགས་བཤད་ལས། མཁས་པ་བརྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུ་གུ་མ་བསྣུན་པར། དེ་སྲིད་གཞན་དང་ཁྱད་ཅི་ཡོད། ཅེས་པ་ལྟར་མཁས་པ་དག་ལ་བརྩད་ཅིང་དྲིས་པར་མ་བྱས་ན། དེ་ཉིད་ཡོན་ཏན་དཔག་ཏུ་མེད་ཀྱང་རང་གིས་དེའི་ཆ་ཤས་ཙམ་ཡང་རྟོགས་པར་མི་འགྱུར་ཏེ། རྔ་ལ་དབྱུ་གུས་མ་བརྡུང་བར་དུ་དེའི་མཚན་ཉིད་མི་ཤེས་ཤིང་གཞན་དང་འདྲ་བ་ལྟ་བུ། ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་འདི་ཁྲལ་ལྟ་བུར་མ་བརྩིས་པར་ཟབ་ཁྲིད་པར་དྲི་བ་གང་མང་དྲིས་རོགས། ང་རང་ཚོའི་སྤྱི་ཚོགས་ནང་དཀའ་ངལ་གཟིགས་ཀྱི་ཡོད་ནའང་རེད། མེད་ནའང་རེད། མ་འོངས་པར་དཀའ་ངལ་ཡོང་རྒྱུའི་རྒྱུ་མཐོང་གི་ཡོད་ན། དེ་དག་སྔོན་འགོག་བྱ་རྒྱུའི་སླད་ཐེངས་འདིར་ཟབ་སྦྱོང་བརྒྱུད་ནས་དཔལ་འབྱོར་ལས་ཁུངས་ཀྱིས་ཆེད་མངགས་སྲི་ཞུ་བ་མི་གྲངས་ ༤༠ ལ་ཟབ་སྦྱོང་གནང་བ་འདི་ལ་བརྟེན་ནས་མ་འོངས་པར་ཕྱག་ལས་གནང་སྐབས་སུ་ཟབ་སྦྱོང་གང་གནང་བ་དེ་ལག་བསྟར་ཐུབ་པ་བྱུང་ན་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་ད་རེས་ཟབ་སྦྱོང་འདི་གལ་ཆེ་དོན་ཆེར་བརྩིས་ནས་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཕེབས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཟབ་སྦྱོང་འདི་ཉིད་ཡག་པོ་ཡོང་བའི་རེ་བ་ཡོད། ལྷག་པར་ལྕམ་སྐུ་ནྣ་དི་ཏཱ་པྲ་དན་བྷཌ་ Nandita Pradan Bhatt ལགས་ནི་ཀ་སྦུག་ནས་རེད་འདུག ཀ་སྦུག་དང་བོད་མི་དབར་ཐུན་མོང་མིན་པའི་འབྲེལ་བ་ཡོད། བོད་རང་བཙན་ཡིན་སྐབས་སུ་བོད་ཀྱི་ཚོང་དོན་ལས་ཁུངས་ལྟེ་བ་དེ་ཀ་ཏར་ཡོད་པ་རེད། དེ་བཞིན་ཀ་སྦུག་ཏུ་ཚོང་ཀྱི་ལས་ཁུངས་ཤིག་ཡོད་པ་རེད། དེང་སྐབས་ཀ་སྦུག་ཏུ་ཡོད་པའི་ང་ཚོའི་སློབ་གྲྭ་དེ་དེ་སྔ་བོད་གཞུང་གི་མཛོད་ཁང་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །