ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕིན་ལེན་ Finland དང་། ཅེག་སྤྱི་མཐུན་རྒྱལ་ཁབ། Czech Republic སི་ལོ་ཝ་ཀི་ཡ་ Slovakia བཅས་ཡུ་རོབ་རྒྱལ་ཁབ་ཁག་གཅིག་གི་ནང་ཉིན་གྲངས་བཅུ་གཉིས་རིང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཐོག་མར་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་རྗེས་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་ Uttarakhand མངའ་སྡེའི་ནེ་ནི་ཏཱལ་ Nainital ས་གནས་སུ་ Himalayan Echoes-Kumaon Festival of Literature and Arts ཞེས་རྩོམ་རིག་སྒྱུ་རྩལ་དུས་སྟོན་སྐབས་འཕགས་བོད་འབྲེལ་ལམ་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་རྗེས་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ལས་དོན་ཐོག་མ་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ Prague ནང་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐེངས་ ༢༢ ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག ཞི་བའི་གླེང་སྟེགས་ Forum 2000 Foundation ཞེས་པ་དེ་ནི་ཐོག་མར་ཕྱི་ལོ་ ༡༩༩༦ ལོར་ཡུལ་དེའི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་དང་། ཉི་ཧོང་གཏོང་འཕོད་ཅན་སྐུ་ཞབས་ཡོ་ཧེ་ས་ས་ཀ་ཝ་ Yohei Sasakawa མཆོག དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཨེ་ལི་ཝི་སེལ་ Elie Wiesel མཆོག་བཅས་ཟུང་འབྲེལ་ཐོག་གསར་འཛུགས་གནང་བ་ཞིག་ཡིན་འདུག
ཞི་བདེའི་གླེང་སྟེགས་ཐོག་གསུང་བཤད་གྲུབ་མཚམས་སྲིད་སྐྱོང་མཆོག་སི་ལོ་ཝ་ཀི་ཡ་ Slovakia དང་ཕིན་ལེན་ཌིར་ Finland བཅས་སུ་ཕེབས་ནས་འབྲེལ་ཡོད་མི་སྣ་ཁག་གཅིག་དང་གསར་འགོད་པ་བཅས་དང་མཇལ་འཕྲད་གནང་རྒྱུ་དང་། ཡུ་རོབ་ཁུལ་གྱི་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་བོད་མིའི་སྒྲིག་འཛུགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག །