ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཆོས་ཞུ་བས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣ ནས་ ༦ བར་ཉིན་གྲངས་བཞིའི་རིང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་འཕྲོ་སྐྱོང་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཐེ་ཝན་དད་ལྡན་གྱི་འཐུས་མི་རྣམ་པས་སྤོས་སྣེས་སྔོན་བསུས་ཏེ། མགོན་པོ་གང་ཉིད་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཐེ་ལན་ཊིའི་དགེ་འདུན་པ་ཁག་གཅིག་གིས་ཐའེ་སྐད་ཐོག་བཀྲ་ཤིས་པའི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱ་རིགས་ཆོས་ཞུ་བ་ཡོངས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཐེ་ཝན་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༧ ནས་བཅར་བའི་ཆོས་ཞུ་བ་དང་རང་རིགས་བཅས་ཁྱོན་མི་གྲངས་ ༦༩༠༠ བརྒལ་བར་བཀའ་སློབ་སྩལ་དོན། དེ་རིང་ཐེ་ཝན་ནས་ཡོང་བའི་བསྟན་འཛིན་བྱམས་ཆེན་ཆོས་ཚོགས་ཀྱི་དགེ་འདུན་པ་གཙོ་བོར་གྱུར་བའི་ཐེ་ཝན་ཀྱི་ཆོས་གྲོགས་མང་པོ་ཞིག་དེ་རིང་འདིར་སླེབ་ཡོད། ང་ཚོ་ལོ་ཁ་ཤས་ཕྱིན་པ་རེད། དེ་དང་ཆབས་ཅིག་འཛམ་གླིང་ཡུལ་གྲུ་མི་འདྲ་བ་དེ་འདྲ་ནས་དོན་གཉེར་ཅན་མང་པོ་ཞིག་ཕེབས་ཡོད། ཁྱེད་རང་ཚོ་ཚང་མས་ཆོས་ལ་དོན་གཉེར་བྱས་ནས་ཕེབས་པར་བརྟེན་ངོས་ཀྱིས་ཚང་མར་འཚམས་འདྲི་དང་དགའ་བསུ་ཞུ་གི་ཡོད།
ཁྱེད་རང་ཚོའི་ནང་ནས་མང་པོ་ཞིག་དེ་སྔ་ནས་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱས་པ་ཐོས་མྱོང་བ་ལྟ་བུ་ཆགས་ཡོད། འོན་ཀྱང་གསར་པ་དེ་འདྲ་ཕལ་ཆེར་མང་པོ་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དང་། ནང་ཆོས་ངོ་འཕྲོད་རྗེས་ནས་དད་པ་ཐོབ་པ་ཞིག་བྱུང་བ་ཡིན་ན། གཞི་ནས་ཉམས་ལེན་བྱེད་སྟངས་སྐོར་བསམ་བློ་གཏང་རྒྱུ་དེ་ལྟར་ཤོད་ཀྱི་ཡོད། དེ་རིང་འདིར་སྔོན་ལ་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་ཞུ་ན་བསམ་པ་དྲན་བྱུང་།
སངས་རྒྱས་ཀྱི་གསུང་ནང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུང་ཡོད་པ་འདི་རྒྱ་ཆེ་ས་ནས་བསམ་བློ་གཏང་བ་ཡིན་ན་འཛམ་གླིང་ནང་ཆོས་ལུགས་གཙོ་ཆེ་བ་ཚང་མས་གཞན་ལ་གནོད་པ་མ་བྱེད། སེམས་པ་བཟང་པོ་བྱེད་དགོས། སེམས་རྒྱུད་འདུལ་ཐབས་སུ་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོར་གསོལ་བ་བཏབ་ནས་སེམས་རྒྱུད་འདུལ་ཐབས་བྱེད་བཞིན་ཡོད། དེ་འདྲའི་ཐོག་ནས་ཁྱད་གཅིག་ཞིག་ཡོང་གི་ཡོད། གཞན་ལ་གནོད་པ་མི་བྱེད་པ་དང་། ཀུན་ལ་ཕན་སེམས་སྐྱེས། གང་ཐུབ་ཕན་ཐོགས་བྱེད་དགོས་ཞེས་པ་འདི་གཙོ་ཆེ་བ་ཚང་མ་གཅིག་པ་རེད་འདུག རང་གི་སེམས་ནི་ཡོངས་སུ་འདུལ། ཞེས་པ་འདི་མི་འདྲ་བ་ཆགས་ཀྱི་འདུག
སངས་རྒྱས་པའི་ཆོས་ནས་གསུང་པའི་རང་གི་སེམས་ནི་ཡོངས་སུ་འདུལ། ཞེས་པ་དེ་འདུལ་སྟངས་ཇི་ལྟར་འདུལ་དགོས་པ་བརྗོད་ན། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་པ་འདི་མི་འདྲ་བ་ཆགས་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ལ་འཇིག་རྟེན་བཀོད་པ་པོའི་འདུ་ཤེས་འཛིན་ནས་སེམས་ཅན་གྱི་སྡུག་བསྔལ་བཅོམ་ལྡན་འདས་ཀྱིས་ཕྱག་གིས་སེལ་ཐུབ་ཀྱི་མ་རེད། སྡུག་བསྔལ་གྱི་རྒྱུ་ལས་ཉོན་དེ་ཚོའི་གྲས་ཆུ་ཡིས་འཁྲུ་རྒྱུ་མེད། བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་འདི་ང་ཚོར་གསོལ་རས་གནང་རྒྱུ་ཡོད་ན་སྐྱིད་པ་ལ། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཁོ་རང་གིས་བསགས། རྟོགས་པའི་ཡོན་ཏན་རྙེད་པ་དེ་དཀའ་ལས་གང་ཡང་རྒྱག་མི་དགོས་པར་ང་ཚོར་གསོལ་རས་གནང་རོགས་བྱེད་ན་ཧ་ཅང་ཡག་པོ་རེད། འོ་ན་ག་འདྲ་རེད་ཅེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཟེར་རྒྱུ་འདི་ངེས་པར་དུ་སྟོང་ཉིད་ཁོ་ནར་གོ་དགོས་པ་མི་འདུག ཆོས་རྣམས་ཀྱི་ཡིན་ལུགས། ཇི་སྙེད་པའི་ཡིན་ལུགས། ཇི་ལྟ་བའི་ཡིན་ལུགས་བཤད་ཆོག་གི་རེད། ཡིན་ལུགས་བསྟན་པའི་ཐོག་ནས་སེམས་ཅན་ལ་ཕན་ཐོགས་མཛད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །