ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༨ རེེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནང་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་མཐའ་མ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༧་་་༡༨ ལོའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་ཡོད་པ་དང་། དེའི་སྐབས་སྤྱི་འཐུས་རྣམ་པས་གཉན་ནད་རེག་དུག་སྔོན་འགོག་དང་བརྟག་དཔྱད་དང་། མྱོས་རྫས་ངན་གོམས་སྔོན་འགོག་དང་བཅོས་ཐབས། མ་དང་བྱིས་པ་དང་བུད་མེད་འཕྲོད་བསྟེན། སྨན་བཅོས་ལྟ་སྐྱོང་། དམིགས་བསལ་དགོས་མཁོ་ཅན་ལ་གཟིགས་རྟོག་གནང་ཕྱོགས་ཐོག་རྒྱ་གར་ནང་གི་ཚོགས་པ་ཁག་དང་ཉམས་མྱོང་བརྗེ་རེས་ཀྱི་ལས་འཆར་སྤེལ་དགོས་གལ། ཊི་བི་སྔོན་འགོག་དང་སྨན་བཅོས། མྱོས་རྫས་ངན་གོམས་སྔོན་འགོག་ཐོག་གཙོ་བོ་ཕ་མ་དང་སྤུན་མཆེད་ནས་གཙོ་བོ་ཐུགས་ཁུར་གནང་དགོས་པ། སྨན་རྩིས་ཁང་དང་འཕྲོད་བསྟེན་ལས་ཁུངས་མཉམ་རུབ་ཐོག་ལས་གཞི་སྤེལ་དགོས་པ། མཛེ་ནད་ཅན་ལ་དམིགས་བསལ་གྱིས་གཟིགས་སྐྱོང་གནང་དགོས་པ་སོགས་ཀྱི་ཐོག་དགོངས་འཆར་དང་། དྲི་བར་འདོན་གནང་མཛད་པར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་འཐུས་ཀྱིས་བགྲོ་གླེང་ཆ་ཤས་ལེན་གནང་ཡོད།
དེ་རྗེས་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པའི་ལས་རིམ་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཅིག་པ་དང་། དོན་ཚན་ཉེར་གཅིག་པའི་ནང་གསེས་ ༩ དང་། གསར་འཇུག་ནང་གསེས་ ༡༠ དང་། ༡༡། དོན་ཚན་སོ་བརྒྱད་པའི་ནང་གསེས་ ༨ དང་། གསར་འཇུག་ནང་གསེས་ ༩ དོན་ཚན་དོན་གསུམ་པའི་ནང་གསེས་ ༢། དོན་ཚན་དོན་དགུ་པའི་ནང་གསེས་ ༣ བཅས་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་ཡོད།
དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ (ཡིག་ཆ་ཨང་ ༤༣ པ།) ཁག་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་བ་དང་། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་མཐོང་དོོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི། དོན་ཚན་བདུན་པའི་ནང་གསེས་ ༡ ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལ་བརྗོད་པ་གསུམ་པའི་ཐོག་ནས་གཏན་འབེབས་གནང་ཡོད།
དེ་ནས་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་སྤྱི་འཐུས་རྣམ་པའི་དགོངས་ཤོག་ཁག་སྙན་སྒྲོན་ཞུས་གནང་བ་དང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་མཇུག་སྡོམ་གྱི་གསུང་བཤད་ཟབ་རྒྱས་གནང་རྗེས། བོད་མི་མང་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་གྲོལ་བའི་གསལ་བསྒྲགས་གནང་ཡོད་པ་བཅས། །