༢༠༡༨ ཟླ་ ༩ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།
དེ་ཡང་སྔ་དྲོ་ཐོག་མར་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གཉིས་པའི་ལས་རིམ་ཐོག་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས།་ ༧ ཡིག་ཆ་ཨང་ ༢༥ (ཀ) ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱབ་སྐྱོར་གནང་ཡོད། བཟོ་བཅོས་ཁྲིམས་འཆར་དེ་ཚུད་རྗེས། བརྗོད་པ་གཉིས་པའི་ཐོག་ནས་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་བ་དང་། དེ་ནས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་སྟབས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་ ༧ གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ལ་བཟོ་བཅོས་ཁྲིམས་འཆར་དེ་གཏན་འབེབས་གནང་ཡོད།
དེ་བཞིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བཙན་བྱོལ་བོད་མིི་འོས་བསྡུའི་སྒྲིག་གཞི། དོན་ཚན་དྲུག་ཅུ་རེ་བདུན་པའི་ནང་གསེས། ༤ ཡིག་ཆ་ཨང་ ༢༥ (ཁ) ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ལ་བཟོ་བཅོས་ཁྲིམས་འཆར་བཏོན་གནང་བར། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་རྒྱབ་སྐྱོར་གནང་ཡོད། བཟོ་བཅོས་ཁྲིམས་འཆར་དེ་ཚུད་རྗེས། སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་བ་དང་། དེ་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི། དོན་ཚན་དྲུག་ཅུ་རེ་བདུན་པའི་ནང་གསེས་ ༤ སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས། “དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང་། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས། འོན་ཀྱང་སྔོན་འགྲོའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའོ་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ།” ཞེས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ལ་བཟོ་བཅོས་ཁྲིམས་འཆར་དེར་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་རྒྱབ་སྐྱོར་ཐོབ་སྟབས་གཏན་འབེབས་གནང་ཡོད།
དེ་རྗེས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་ནས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡ བར་གྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད།
དེ་རིང་སྔ་དྲོ་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt Hon Tim Loughton,British Conservative Party Politician) མཆོག་་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཁིར་སི་ལའོ་ (Hon Chris Law,Scottish National Party) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཀེ་རི་ མེ་ཁར་ཐི་ (Hon Kerry McCarthy,British Labour Party Politician) མཆོག གཞན་ཡང་ལྕམ་སྐུ་ཨེ་ལི་ཛི་བད་ ལུབ་ཊོན་ (Elizabeth Loughton) ལགས་དང་། ལྕམ་སྐུ་གྷི་ལོ་རེ་ཡ་མོན་ཊ་གྷོ་མེ་རེ་ (Gloria Montgomery,Tibet Society) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྔ་དྲོའི་གསོལ་ཇའི་བར་གསེང་སྐབས་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམས་འདིར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་གནང་བ་དང་སྦྲགས། གྲོས་ཚོགས་ཀྱི་ངོ་སྤྲོད་སྙིང་བསྡུས་འགྲེལ་བརྗོད་དང་། སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་སྤྱིའི་གྲོས་ཚོགས་དབར་འབྲེལ་ལམ་འཇོག་རྒྱུ་དང་། བོད་ནང་གི་བོད་མིའི་གནས་སྟངས་ལ་དུས་དུས་སུ་རྒྱལ་སྤྱིིའི་ནང་རྒྱབ་སྐྱོར་ཡོང་ཐབས་ཀྱི་འབོད་སྐུལ་ཞུ་བཞིན་པའི་སྐོར། བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱི་མང་གཙོའི་སྒྲོམ་གཞི་བཅས་ཡར་རྒྱས་ཚགས་ཚུད་ཡོང་ཐབས་སྐོར། ད་ལྟ་འགྲོ་བཞིན་པའི་གྲོས་ཚོགས་སྐོར་སོགས་ཀྱི་ཐོག་གསུངས་གནང་ཡོད་པ་དང་། ཁོང་རྣམས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས་གནང་སོང་།
དེ་རྗེས་ཁོང་རྣམས་དཔལ་ལྡན་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་ཀྱི་རྩ་དོན་དང་འཐབ་རྩོད་སྐོར། སྤྱི་འཐུས་རྣམ་པ་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནང་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་། མཁས་དབང་། གསར་འགོད་པ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། རྒྱལ་ཁབ་སོ་སོའི་གྲོས་ཚོགས་ནང་བོད་དོན་གླེང་སློང། གྲོས་ཆོད་འཇོག་ཐུབ་ཐབས་གནང་བཞིན་ཡོད་པའི་སྐོར། དེ་བཞིན་སྤྱི་འཐུས་རྣམ་པ་ས་བགོས་ལྟར་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་གཟིགས་ཞིབ་དང་འཚམས་གཟིགས་ཕེབས་བཞིན་ཡོད་སྐོར། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་ཕྲུ་གུ་རང་ལོ་ ༡༥ ཡན་གྱིས་བོད་རྒྱལ་ཁབ་ཆེད་རང་ལུས་མེར་བསྲེགས་ཕུལ་བཞིན་ཡོད་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་བ་དང་། ཆབས་ཅིག་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་གྲུབ་མཚམས། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། དེ་རྗེས་ཁོང་རྣམས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་གནང་བ་དང་། གྲོས་ཚོགས་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད།
དེ་བཞིན་ཉིན་རྒྱབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་རྣམས་ནས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བ་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་འཇོག་ཐབས་གནང་བ། ཨ་རིའི་མི་མང་ནང་བོད་དོན་གོ་རྟོགས་སྤེལ་ཏེ་རྒྱབ་སྐྱོར་ཐོབ་ཐབས་ལ་འབད་བརྩོན་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་། མཁས་དབང་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གསུངས་གནང་བ་དང། དེ་བཞིན་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད། དེ་རྗེས་ཁོང་རྣམས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་གནང་བ་དང་། གྲོས་ཚོགས་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད།
ཕྱོགས་མཚུངས་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དང་། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྣེ་འཁྲིད་འོག་རྡ་ས་ས་གནས་བོད་ཀྱི་གྲོགས་པོའི་ཚོགས་པའི་ཚོགས་མི་དང་། གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར། དཔལ་ལྡན་ཚོགས་གཞོན་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་དང་སྦྲགས། བོད་དང་བོད་མིར་རྒྱ་གར་གཞུང་མང་གཉིས་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་སྐོར་དང་། བོད་ཐོག་འཛིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱིས་རྒྱ་གར་གྱི་བདེ་འཇགས་དང་། ཁོར་ཡུག རིག་གཞུང་བཅས་ལ་ཉེན་ཁ་ཡོད་པའི་སྐོར། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་ཀྱི་ཐོག་གསུངས་གནང་རྗེས། ཁོང་རྣམས་ལ་མུ་མཐུད་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་། དེ་རྗེས་ཁོང་རྣམས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་གནང་བ་དང་། གྲོས་ཚོགས་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད།
ཕྱི་དྲོ་ཆུ་ཚོད་ ༥།༡༥ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དབུ་བཞུགས་ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧་་་༡༨ ལོའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་སྙན་སྒྲོན་གནང་ཡོད། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཟིན་པར་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་རྒྱབ་སྐྱོར་གནང་། དེ་ནས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་གོང་གསལ་སྙན་ཐོ་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་རྗེས། འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་འགོ་བཙུགས་ཡོད་པ་བཅས། །