ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༦ རེས་གཟའ་ལྷག་པ།
༄༅། །ཨ་མི་རི་ཀ་དང་རྒྱ་ནག་བཅས་རྒྱལ་ཁབ་ཆེ་ཁག་གཉིས་དབར་གྱི་འབྲེལ་ལམ་ཐོག་འཕོ་འགྱུར་ཆེན་པོ་ཞིག་སོང་ཡོད་པ་ནི། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ Reciprocal Access to Tibet Act ཞེས་རྒྱ་གཞུང་ནས་ཨ་རི་བར་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱས་ཡོད་པ་བཞིན། ཕར་དེ་ལྟར་རྒྱ་ནག་གི་འབྲེལ་ཡོད་རྣམས་ལ་བཀག་སྡོམ་གནང་རྒྱུ་ཡིན་པའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་ཡོད་པ་རེད།
ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཟུང་སྦྲེལ་ཐོག་ནས་བཏོན་གནང་བའི་ཁྲིམས་འཆར་དེ་གཙོ་བོ་ཨ་རིའི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། གཞུང་འབྲེལ་མིན་པའི་ཚོགས་སྡེ། ཨ་རིར་གནས་སྡོད་བོད་མི་ཐེ་བའི་ཨ་རིའི་མི་སེར་བཅས་ཀྱི་ཆེད་དུ་ཡིན་པ་དང་། ཁྲིམས་འཆར་ནང་གསལ་ཨ་རིའི་མི་སེར་རྣམས་ལ་བོད་ནང་ཆོག་མཆན་མ་སྤྲད་མཁན་གྱི་རྒྱ་ནག་གི་གཞུང་འབྲེལ་ལས་ཀྱི་སྣེ་མོ་བ་དེ་དག་ཨ་རིའི་ནང་ཡོང་ཆོག་པའི་ཆོག་མཆན་བཀག་འགོག་གནང་རྒྱུ་རེད་འདུག
ཁྲིམས་འཆར་དེ་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern མཆོག་གཙོ་བོ་དང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Randy Hultgren མཆོག་གི་རྒྱབ་སྐྱོར་འོག་བསྣམས་ཕེབས་པ་ཞིག་ཡིན་པ་དང་། ད་ལན་གྲོས་ཚོགས་སུ་ཁྲིམས་འཆར་དེ་གཏན་འབེབས་བྱུང་སྐབས་འབྲེལ་ཡོད་སྐུ་ཞབས་ McGovern མཆོག་གིས་དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཉིན་མོ་གལ་ཆེན་པོ་ཞིག་ཆགས་ཡོད་གསུང་པ་དང་། ཨ་རིའི་ངོས་ནས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཕྱོགས་མཚུངས་རྒྱ་ནག་གཞུང་གི་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་དེ་དག་ཐེར་འདོན་བྱེད་དགོས་པ་གསུང་འདུག
ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨི་ལེ་ཡ་ན་ལེ་ཊི་ནེན་ Ileana Ros-Lehtinen མཆོག་གིས་ད་རེས་ཀྱི་ཁྲིམས་འཆར་འདི་བོད་མི་ཚོར་རྒྱབ་སྐྱོར་དང་། རྒྱ་ནག་ནས་ཨ་རིར་སྡང་ཟུག་གི་སྲིད་བྱུས་ཤིག་འཛིན་བཞིན་པ་དེེར་ལན་སློག་རྒྱུ་བཅས་གནད་དོན་དེ་གཉིས་ཀའི་ཐོག་ལ་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་འདུག
དེ་སྔ་ཕྱི་ལོ་ ༢༠༡༧ ལོར་བཏོན་གནང་བའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་འདི་གཏན་འབེབས་གནང་ཐབས་སུ་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འབྲེལ་ཡོད་སོགས་ཀྱིས་སྔ་ཕྱི་ཞུ་སྐུལ་རིམ་པ་གནང་བ་བརྒྱུད། ཉེ་ཆར་ཕྱི་ཟླ་ ༧ ནང་ཨ་རིའི་གྲོས་ཚོགས་འོག་མའི་ཁྲིམས་དོན་ཚོགས་ཆུང་ནས་ཁྲིམས་འཆར་འདིར་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ད་རེས་དངོས་སུ་གཏན་འབེབས་གནང་ཐུབ་ཡོད། དེར་བརྟེན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་ Matteo Meccaci མཆོག་གིས་གསུང་པར་ཁྲིམས་འཆར་གཏན་འབེབས་གནང་ཡོད་པ་འདི་ཨ་རིའི་གྲོས་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་ལ་མུ་མཐུད་སྡུག་རྩུབ་གཏོང་བཞིན་པ་དེར་ཐུགས་ཚབ་བྱེད་ཀྱི་ཡོད་པ་རྣམ་པ་ཤུགས་ཆེ་ཐོན་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་ནས་བོད་དེ་ཕྱིའི་རྒྱལ་ཁབ་ཁག་ལ་བཀག་སྡོམ་མེད་པའི་ཐོག་ནས་སྒོ་ཕྱེ་རྒྱུར་གནོན་ཤུགས་སྤྲད་པ་ཞིག་ཡིན་ཞེས་དང་། རྒྱ་ནག་གི་བོད་སྐོར་དྲིལ་བསྒྲགས་བྱེད་བཞིན་པ་དེ་སྟོང་བཤད་ཡིན་པ་གསལ་པོ་ཆགས་ཡོད་ཅེས་གསུངས་འདུག
ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོས་ད་རེས་ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་བ་ཞིག་ཡིན་དུས། ད་དུང་གྲོས་ཚོགས་གོང་མའི་ནང་དེ་ལྟར་གཏན་འབེབས་གནང་ཐུབ་རྒྱུའི་ཐོག་ལ་ང་ཚོས་དོ་སྣང་བྱེད་དགོས་པ་གསུངས་འདུག །