ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སུད་སིར་གནས་སྡོད་བོད་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་རིགས་ཀྱི་ཁྱད་ཆོས་ཟེར་ནའང་མི་འདུག ང་ཚོས་ཕྱི་ལ་ངོམ་རྒྱུ་ཟེར་ནའང་མི་འདུག ནང་སེམས་ཀྱི་ཞི་བདེ་བཟོ་རྒྱུར་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འདི་ཧ་ལས་པ་རེད་འདུག ཁ་སྔོན་བརྗོད་རྒྱུ་བྱུང་། སངས་རྒྱས་པའི་ལྟ་གྲུབ་སྐོར་བཤད་པ་ཡིན་ན། འཛམ་གླིང་འདིའི་སྟེང་བོད་པ་ཡག་ཤོས་ཆགས་ཡོད། འཛམ་གླིང་སུ་གང་ལ་ཡོད་མ་རེད། བོད་པའི་སྐད་ཡིག་འདི་ཧ་ཅང་རླབས་ཆེན་པོ་རེད་འདུག ཧ་ཅང་རྩ་ཆེན་པོ་རེད་འདུག དམིགས་བསལ་ཤོད་རྒྱུ་གང་ཡང་མེད། ང་ཚོ་བོད་རིགས་རྣམས་ས་ཁུལ་ལུང་པ་འདྲ་མིན་གང་དུ་ཡོད་པ་ཡིན་ནའང་། ང་ཚོའི་ལུས་པོ་འདི་བོད་ལ་སྐྱེས་པ་ཡིན་ནའང་འདྲ། བོད་ཕྱི་ལོག་ཏུ་སྐྱེས་པ་ཡིན་ནའང་གང་ལྟར་ང་ཚོ་ཚང་མའི་ཤ་ཁྲག་རུས་པ་བརྒྱུད་ཡོང་ས་འདི་བོད་པ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོ་སྐྱེས་ནས་མ་འཆི་བར་དུ་བོད་པ་ཞེས་པའི་མིང་འདི་ཟུབ་རྒྱུ་ཁྱོན་ནས་མེད།
ང་ཚོ་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་གང་གི་ཆ་ནས་སུ་གཅིག་ལ་སྨོན་མི་དགོས་པར་ཡོད་པ་འདི་བར་སྐབས་དཀའ་ངལ་ཆེན་པོ་འཕྲད་པ་རེད། དཀའ་ངལ་འདི་གནམ་གཤིས་འཁོར་བ་ལྟ་བུ་རེད། གནམ་གཤིས་གང་ཙམ་འཁོར་ནས་དྲག་ཆར་དང་སེར་བ་བཏང་བའི་བཟོ་འདྲ་བོ་དེ་དག་རིམ་པས་དྭངས་འགྲོ་གི་རེད། འཛམ་གླིང་གང་སར་བལྟས་པ་ཡིན་ན། སྔ་མོ་དུས་རབས་ ༢༠ ནང་ཡུ་རོབ་ལུང་པར་ལྟོས་དང་དཀའ་ངལ་ཧ་ཅང་འཕྲད་པ་རེད། དམག་འཁྲུག་ལངས་ནས་མི་ཧ་ཅང་མང་པོ་ཤི་ཡོད། འོན་ཀྱང་དུས་ཚོད་རྟག་པ་བརྟན་པ་བྱས་ནས་བསྡད་ཀྱི་མེད་འགྱུར་འགྲོ་གི་ཡོད། དེར་བརྟེན་ཨེ་ཤི་ཡ་ཤར་ཕྱོགས་ལུང་པར་ཆ་བཞག་ན། དུས་ཀྱི་འགྱུར་བ་ཟེར་རྒྱུ་འདི་རང་བཞིན་གྱི་ཡོང་རྒྱུ་ཞིག་རེད་མ་གཏོགས་རྟག་པ་བརྟན་པ་ཁྱོན་ནས་མེད། ལྷག་པར་རྒྱ་ནག་ནང་གི་གནས་ཚུལ་ལ་ཆ་བཞག་ན། སྔ་མོ་མའོ་ཙེ་ཏུང་ཡོད་པའི་སྐབས་ཀྱི་དུས་རབས་དང་། དེ་ནས་ཏིང་ཞའོ་ཕིང་དང་ཅང་ཙེ་མིན། ཧུ་ཅིན་ཐའོ་ཡི་དུས་རབས། དེང་སྐབས་ཞི་ཅིན་ཕིང་གི་དུས་རབས་རེད། དུས་རབས་སོ་སོར་རྩ་ཁྲིམས་གཅིག་རེད། གུང་ཁྲན་ཏང་གཅིག་པ་ཡིན་ཡང་དོན་དངོས་པོའི་གནས་ཚུལ་ལ་འགྱུར་བ་ཧ་ཅང་འགྲོ་བཞིན་འདུགལྷ་ས་ཁུལ་དུ་ཡོད་པའི་མི་དེ་འདྲ་མར་རྒྱ་ནག་ཏུ་ཕྱིན་པའི་མཐོང་ཚུལ་དེ་འདྲ་ངོས་ལ་ཤོད་མཁན་བྱུང་། ལྷ་ས་ཁུལ་ལ་ཧ་ཅང་ཞེད་སྣང་བྱས་ནས་བསྡད་དགོས་ཀྱང་རྒྱ་ནག་ཏུ་དེང་སྐབས་ཟ་ཁང་དང་ཇ་ཁང་སོགས་ཀྱི་ནང་རྒྱ་ནག་གི་དཔོན་པོ་ཚོར་སྐྱོན་བརྗོད་བྱེད་རྒྱུར་ཞེད་སྣང་ཁྱོན་ནས་བྱེད་ཀྱི་མི་འདུག རྒྱ་ནག་ནང་ང་ཚོ་བོད་དང་མི་འདྲ་བར་ཧ་ཅང་རང་དབང་འདུག ཅེས་ངོས་ལ་བརྗོད་མཁན་བྱུང་། གང་ལྟར་དུས་ཡུན་ལོ་ ༧༠ ལྷག་ཙམ་རིང་ལ་འགྱུར་བ་ཧ་ཅང་ཕྱིན་ཡོད། སྔ་མོ་ཕྱི་ལོ་ ༡༩༥༤ ལོར་ངོས་རང་རྒྱ་ནག་ཏུ་ཕྱིན་པ་རེད། སྐབས་དེར་རྒྱ་ནག་པེ་ཅིང་རང་ལ་ཕལ་ཆེར་ཟླ་བ་ ༥་༦ བསྡད་པ་རེད། དེ་ནས་མངའ་སྡེ་ཆེ་ཁག་དེ་འདྲ་ཁ་ཤས་ལ་ལྟ་སྐོར་སོགས་ཕྱིན་པ་རེད། དེ་དུས་གུང་ཁྲན་ཏང་དེ་ཚོའི་གྲས་དངོས་གནས་སྒེར་དོན་མ་འབྲེལ་བ་མི་མང་རང་གི་དོན་དུ་བསམ་བློ་གཏོང་མཁན་ཧ་ཅང་ཡིན་མདོག་ཁ་པོ་ཡོད་པ་རེད། དེ་དུས་ངོས་རང་ཧ་ཅང་མོས་པ་བྱུང་། གུང་ཁྲན་ཏང་ཡོན་ཡིན་པ་དེ་ཚོའི་གྲས་ལ་སྐད་ཆ་བཤད་པ་ཡིན་ནའང་དངོས་གནས་དོན་དག་ཡོད་པའི་སྐད་ཆ་བཤད་ཀྱི་རེད། ཏང་ཡོན་མིན་མཁན་དེ་ཚོའི་གྲས་ཀྱིས་སྐད་ཆ་འདྲ་ཆགས་པོ་དང་སྤམ་པོ་བཤད་པ་མ་གཏོགས་དོན་དག་སྒང་ལ་ཧ་ཅང་འགྲོ་གི་མི་འདུག རྩ་བས་ཁོ་ཚོ་ཞེད་ཀྱི་མེད་དམ།
ངོས་ལ་དེ་ལྟར་མཐོང་ཚུལ་བྱུང་། སྐབས་དེར་ངོས་ལ་སྣེ་ལེན་བྱེད་མཁན་ནི་མི་རིགས་ལས་ཁུངས་ཀྱི་ཨུ་ཡོན་ལྷན་ཁང་གི་ལིའུ་ཀེ་ཝི་ཟེར་མཁན་ཞིག་ཡོད། ཁོང་རྒྱ་རིགས་ཁ་ཆེ་རེད། མི་ཧ་ཅང་བཟང་པོ་ཞིག་ཡོད། ངེད་གཉིས་ཟླ་བ་ཁ་ཤས་མཉམ་དུ་གཤིབས་སྐབས་ཁོང་གིས་རྒྱ་ནག་གི་ས་ཆ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཧ་ཅང་མང་པོ་བཤད་ཀྱི་རེད། ངོས་རང་ཡིད་ཧ་ཅང་འཕྲོག་སྟེ་གུང་ཁྲན་ཏང་ཡོན་ནང་འཛུལ་གྱི་ཡིན་ཞེས་བརྗོད་པ་ཡིན། དངོས་གནས་རང་ཁེ་མ་བསམ་མཁན་དང་། མི་མང་རང་གི་ཞབས་འདེགས་སྒྲུབ་མཁན་ཧ་ཅང་ཡིན་མདོག་ཁ་པོ་ཡོད་པ་རེད། ངོས་རང་པེ་ཅིང་དུ་སྡོད་པའི་རིང་མའོ་ཙེ་ཏུང་ཐེངས་མང་པོ་ཐུག་པ་རེད། རིམ་པས་མའོ་ཙེ་ཏུང་དང་ངོས་ཀྱི་འབྲེལ་བ་ནི་པཱ་ལགས་དང་ཕྲུ་གུའི་བཟོ་འདྲ་བོ་ངོས་ལ་ཧ་ཅང་བྱམས་པོ་བྱེད་ཀྱི་ཡོད། མའོ་ཙེ་ཏུང་ཞིང་པ་སྐྱོ་བོ་ཞིག་ནས་དེ་ལྟར་མི་མང་གི་དོན་དུ་དཀའ་ལས་ཧ་ཅང་བརྒྱབ་སྟབས། དངོས་གནས་གསར་བརྗེ་བ་སྙིང་སྟོབས་ལྡན་པ་ཞིག་ཡོང་རྒྱུ་ངོས་ཀྱིས་མཐོང་གི་ཡོད།
དཔེར་ན། ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིང་དུ་ཕྱིན་པ་རེད། ཕྱི་ལོ་ ༡༩༥༥ ལོར་ཡར་ལོག་པ་རེད། སྐབས་དེར་ཀྲང་ཀོ་ཧ་ལྷ་ས་ནས་པེ་ཅིང་དུ་མར་བ་དང་། ངོས་རང་ཡར་ལོག་ཡོང་དུས་ངེད་གཉིས་ཀོང་པོར་ཐུག་བྱུང་། སྐབས་དེར་ངོས་ཀྱིས་ཀྲང་ཀོ་ཧར་བརྗོད་པ་ཡིན། ན་ནིང་ངོས་རང་འདི་ནས་མར་པེ་ཅིང་དུ་འགྲོ་བའི་སྐབས་སེམས་ནང་དོགས་པ་དང་ཞེད་སྣང་ཡོད་པའི་ཐོག་ནས་མར་ཕྱིན་པ་ཡིན། འདི་ལོར་ཡར་ལོག་ཡོང་བའི་སྐབས་སེམས་ནང་དོགས་པ་ཁྱོན་ནས་མེད་པ་རེ་བ་ཆེན་པོ་ཞིག་དང་ཡིད་ཆེས་ཆེན་པོ་བྱས་ནས་ཡར་ཡོང་གི་ཡོད། ཅེས་ལབ་པ་ཡིན། དངོས་གནས་རང་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་འོག་བོད་འདི་དེང་རབས་ཅན་ཞིག་ལ་ཡག་པོ་ཞིག་འགྱུར་ཐུབ་པའི་གང་ཙམ་འདེང་ཚོད་ཡོད། དེ་འདྲའི་དུས་ཚོད་ཅིག་བྱུང་བ་རེད།
དེ་ནས་མའོ་ཙེ་ཏུང་རིམ་པས་དངོས་གནས་མི་མང་གི་བསམ་བློ་དང་དེ་ཚོའི་གྲས་ཕྲན་བུ་ཐག་རིང་དུ་ཕྱིན་པའི་བཟོ་འདྲ་བོ་དང་། དབང་ཆ་ཁོ་རང་གི་སྒང་ཕྱིན་ནས་མཐར་རིག་གནས་གསར་བརྗེ་ཞེས་མགོ་སློག་རྩེད་རྒྱུ་དེ་བྱུང་བ་རེད། དེ་ཚོའི་གྲས་གང་ལྟར་དབང་ཆས་མི་མྱོན་པ་ཆགས་པའི་བཟོ་འདྲ་བོ་དང་། ཕྱོགས་གཅིག་ནས་གནས་ཚུལ་གསལ་པོ་ཁྱོན་ནས་མ་བཟོས་པར་གནས་ཚུལ་གང་ཡིན་ནའང་བཀག་སྡོམ་བྱེད་རྒྱུ་ཞིག་ཡོང་བཞིན་འདུག དེང་སྐབས་རྒྱ་མི་དེ་འདྲ་ཐུག་པའི་སྐབས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། རྒྱ་ནག་མི་མང་དུར་ཕྱུར་བཅུ་ཙམ་ཡོད་པ་དེ་དག་གིས་དངོས་ཡོད་གནང་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། དངོས་ཡོད་གནས་ཚུལ་ཤེས་པ་ཡིན་ན། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པ་རེད། དེར་བརྟེན་གསང་བ་བྱས་ནས་གནས་ཚུལ་གང་ཡིན་ནའང་ཕྱི་གསལ་ནང་གསལ་མ་བཟོས་བར་གསང་བ་བྱས་པ་འདི་མི་མང་ལ་ཐོབ་ཐང་སྤྲོད་ཀྱི་ཡོད་མ་རེད། ཅེས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། དེར་བརྟེན་གང་ལྟར་གཅིག་སྡུད་རིང་ལུགས་ཐོག་ནས་གསར་འགྱུར་རིགས་དེ་དག་བཀག་སྡོམ་བྱས་པ་དེས་དངོས་ཡོད་གནས་ཚུལ་རུལ་བ་དང་། དངོས་ཡོད་གནས་ཚུལ་ལ་ཧ་ཅང་དཀའ་ངལ་ཡོད་པ་དེ་དག་མཐོ་རིམ་གྱི་མ་ཤེས་པ་དང་། ཡང་ན་མ་ཤེས་མདོག་མདོག་བྱས་ནས་ཧ་ཅང་དཀའ་ངལ་འཕྲད་ཡོད།
དམར་པོ་རིང་ལུགས་ལ་ཆ་བཞག་ན། མ་ཁེ་སིའི་ལྟ་གྲུབ་འདི་དངོས་གནས་དེའི་ཚེ་དེའི་དུས་ཡུ་རོབ་ནང་འཕྲུལ་ལས་ཡར་རྒྱས་ཤུགས་ཆེན་པོ་འགྲོ་རྒྱུ་ཆགས་སྟབས། བཟོ་པ་ཚོར་དམིགས་བསལ་དཀའ་ངལ་འཕྲད་པ་དང་། གཤུ་གཞོག་ཧ་ཅང་མྱངས་པའི་གནས་སྟངས་འོག་ཀཱལ་མ་ཁེ་སི་ Karl Marx ཡིས་བཟོ་པའི་གྲལ་རིམ་གྱི་ཐོབ་ཐང་སྐོར་ཁོང་གིས་རྩོད་པ་བརྒྱག་རྒྱུ་བྱུང་བ་རེད། འདི་ཡང་དག་པ་རེད། དེ་དུས་འབྱོར་ལྡན་དང་རྒྱལ་པོ་རྒྱལ་མོ་ཟེར་རྒྱུ་དེ་ཚོའི་གྲས་ཀྱིས་བཟོ་པའི་གྲལ་རིམ་ལ་གཤུ་གཞོག་གཏང་རྒྱུ་ཧ་ཅང་ཤུགས་ཆེན་པོ་ཡོད་སྟབས་
མ་ཁེ་སི་ཁོང་གིས་བཟོ་པའི་གྲལ་རིམ་གྱི་ཐོབ་ཐང་སྐོར་འབོད་སྒྲ་གྲགས་པ་བྱུང་བ་རེད། ཁོང་གིས་དཔལ་འབྱོར་ལམ་ལུགས་ནི་ཚང་མ་ཆ་སྙོམས་དགོས་པ་རེད་ཅེས་བཤད་པ་རེད། དེ་དག་ལ་བརྟེན་ནས་ངོས་ལ་ཆ་བཞག་ན་མ་ཁེ་སིའི་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་བྱས་ན་སྤྱི་ཚོགས་རིང་ལུགས་ལ་དགའ་བ་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ཅེས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་གྲལ་པར་གྱུར་ཅིག ཅེས་ང་ཚོས་ཚད་མེད་བཞི་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན་དཔལ་འབྱོར་ལམ་ལུགས་ཆ་སྙོམས་བྱུང་ན་ཡག་གི་རེད། ཧ་ཅང་ཕྱུག་པོ་ཡིན་པ་དེ་དག་ཕྱུག་པོ་ཆགས། དབུལ་པོ་རྣམས་མུ་མཐུད་དབུལ་པོར་གནས་པ་འདི་མ་འགྲིག་པ་རེད། དེར་བརྟེན་སྤྱི་ཚོགས་རིང་ལུགས་ཟེར་རྒྱུ་འདི་ཧ་ཅང་ཡག་པོ་རེད། དུས་ད་ལྟ་ཡིན་ནའང་ངོས་རང་སྤྱི་ཚོགས་རིང་ལུགས་ལ་མོས་པ་ཡོད།
དེ་ལྟར་རིམ་པས་རིག་གནས་གསར་བརྗེ་སོགས་བྱུང་ནས་གུང་ཁྲན་ཏང་གིས་དབང་ཆ་ཁོ་ན་མ་གཏོགས་མི་མང་གི་བདེ་དོན་ལ་ལྟ་རྒྱུ་ཕལ་ཆེར་ཧ་ཅང་མ་བྱུང་བའི་བཟོ་འདྲ་བོ་འདུག དེ་དག་གིས་རྐྱེན་པས་གནམ་བདེ་སྒོ་མོའི་ཐང་ཆེན་ Tiananmen Square གྱི་དོན་རྐྱེན་དེ་བྱུང་བ་རེད། དེའི་གོང་ལ་ཏིང་ཞའོ་ཕིང་གི་དུས་རབས་དེར་ཏིང་ཞའོ་ཕིང་ཕྱི་རྒྱལ་ཡུལ་གྲུ་ཁག་ཁ་ཤས་ལ་ཕྱིན་ནས་དངོས་པོ་ཡར་རྒྱས་འགྲོ་རྒྱུ་དེ་དགོས་ཀྱི་འདུག་བསམས་པའི་ཐོག་ནས་སྐབས་དེར་ཏིང་ཞའོ་ཕིང་གིས། ཞི་མི་དཀར་པོ་ཡིན་ནའང་རེད་ནག་པོ་ཡིན་ནའང་རེད། ཙི་ཙི་འཛིན་ཐུབ་ན་འགྲིག་གི་འདུག ཅེས་བརྗོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།