ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༢ རེས་གཟའ་སྤེན་པ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༠༣ ནས་ཚེས་ ༡༢ བར་ཉིན་གྲངས་ ༡༠ རིང་ཆེས་མཐོའི་ཁྲིམས་ཁང་གི་གོ་སྒྲིག་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་མ་ལག་གི་ངོ་ལས་དང་། སྲི་ཞུའི་ལས་བྱེད་ཁག་གཅིག ཁྲིམས་ལུགས་རིག་པ་བ་བཅས་མི་གྲངས་ ༡༥ ལ་སོ་ནི་པཌ་རུ་རྟེན་གཞི་བྱས་པའི་ཨོ་པི་ཇིན་ཌལ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་གྱི་ཡུལ་ཁྲིམས་ཐོག་ཟབ་སྦྱོང་གནང་ཡོད།
ཟབ་སྦྱོང་དེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡར་རྒྱས་ཐེབས་རྩ་བརྒྱུད་ FNF རོགས་ཚོགས་ནས་རོགས་དངུལ་མཐུན་རྐྱེན་གནང་བ་ཞིག་ཡིན།
ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི། ཡུལ་ཁྲིམས་འགྲོ་སྟངས་རྒྱུས་ལོན་བྱས་པ་བརྒྱུད། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་སྤྱི་ཡོངས་ཡར་རྒྱས་ཚགས་ཚུད་འབྱུང་ཐབས་ཀྱི་བློ་བསྐྱེད་དང་། ཉམས་མྱོང་བསགས་པའི་རྨང་གཞི་སྟེང། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་ཁག་ལ་དགོས་ངེས་བསྐྱར་བཅོས་གནང་རྒྱུ་དེ་ཡིན།
སྐབས་དེར་ཕྱི་ལོ་ ༢༠༡༨ ཟླ་ ༠༩ ཚེས་ ༡༡ ཉིན་ཨོ་པི་ཇིན་ཌལ་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་འོག་སྦྱོང་བརྡར་བ་རྣམས་ལྡི་ལིར་རྒྱ་གར་ཆེས་མཐོའི་ཁྲིམས་ཁང་དུ་གཟིགས་སྐོར་ཕེབས་ཏེ། ཁྲིམས་ཞིབ་ཀྱི་ལས་དོན་འགྲོ་བཞིན་པ་ཁག་ཅིག་ལ་ཟུར་ཉན་གྱི་གོ་སྐབས་བྱུང་ཡོད་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ། །