ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ལོ་ལྟར་ཕྱི་ཟླ་ ༩ ནང་རྡ་ས་མེག་གྷན་ཁུལ་གྱི་ཡུལ་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་དུས་སྟོན་དང་སྦྲགས། ཚོང་འདུས་ Mela བཙུགས་ཏེ་མི་མང་འདུ་འཛོམས་ཆེན་པོ་ཡོང་བཞིན་ཡོད། ཚོང་འདུས་དུས་སྟོན་ཉིན་མཐའ་མར་སྦེ་ག་ Kushti Dangal རྩེ་འགྲན་ཐོག་ཚོང་འདུས་གོ་སྒྲིག་ཚོགས་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥།༢༠ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་མཛད་སྒོར་ཕེབས་སྐབས་རྡ་ས་ས་གནས་འགོ་འཛིན་དང་། རྡ་ས་མེག་གྷན་ཁུལ་གྱི་ཡུལ་མིའི་འགོ་དཔོན། ཚོང་འདུས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སོགས་ནས་རྔ་རོལ་དང་བཅས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་ནས་ཆེ་བསྟོད་ཀྱི་ཚུལ་དུ་ཧི་མཱ་ཅལ་མངའ་སྡེའི་ཐུན་མིན་དབུ་ཞྭ་དང་གོས་གཟན། དྲན་རྟེན་ཕྱག་རྟགས་བཅས་འབུལ་ལམ་ཞུས་རྗེས་རྡ་ས་མེག་གྷན་ཁུལ་གྱི་ཡུལ་མིའི་འགོ་དཔོན་གྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ངོས་ཀྱིས་ཧིན་སྐད་དེ་ཙམ་ཡག་པོ་ཤེས་ཀྱི་མེད། ཉིན་གཉིས་གོང་འདིར་ཡོང་དགོས་པའི་མགྲོན་ཤོག་འབྱོར་བྱུང་། དེང་སྐབས་ང་ཚོའི་གྲོས་ཚོགས་ཚོགས་དུས་དྲུག་པ་ཚོགས་བཞིན་ཡོད་སྟབས། གྲོས་ཚོགས་སུ་ངེས་པར་བཅར་དགོས། འོན་ཀྱང་དེ་རིང་འདིར་ཡོང་བ་ཡིན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནང་བཞིན་རེད། བོད་ནང་རྒྱ་ནང་གཞུང་གིས་བཙན་བཟུང་བྱས་ཡོད། ས་གནས་འདིར་དྷརྨ་ཤཱ་ལ་ཞེས་འབོད་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། ང་ཚོ་བོད་མི་རྣམས་འཕྲལ་སེལ་རིང་འདིར་གནས་བཞིན་ཡོད། འོན་ཀྱང་བོད་མི་རྣམས་ཐོག་མར་འདིར་འབྱོར་བ་ནས་བཟུང་ལོ་ངོ་དེ་དག་གི་རིང་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནང་བཞིན་ཕན་ཚུན་རྒྱབ་སྐྱོར་བྱས་དང་བྱེད་མུས་རེད། དེར་བརྟེན་ས་གནས་ནས་མགྲོན་ཤོག་འབྱོར་སྐབས་རྒྱལ་སྤྱིའི་མགྲོན་ཤོག་ལས་གལ་ཆེ་བ་བརྩིས་ནས་མཛད་སྒོ་ཇི་འདྲ་ཞིག་ཡིན་ཡང་གང་ཐུབ་བཅར་ཐབས་བྱེད་བཞིན་ཡོད། ཚང་མས་མཁྱེན་གསལ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་རྡ་སར་རྟེན་གཞི་བྱས་ཡོད། འདི་ལོར་ང་ཚོས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད། འདི་ག་རྡ་སར་རྒྱ་གར་གཞུང་མང་གཉིས་ལའང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་ཞུ་སྐབས་རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེའི་གཞུང་ནས་བློན་ཆེན་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་བྱུང་། རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་དོན་བདེན་པའི་འཐབ་རྩོད་མུ་མཐུད་གནས་ཡོད་པར་བརྟེན་རྒྱ་གར་གཞུང་མང་གཉིས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྣམ་པ་ཚོས་གཟིགས་ཡོད་ངེས་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་སྒོ་དང་སྒེའུ་ཁུང་ཡོངས་རྫོགས་བོད་ལུགས་བཟོ་བཞིན་ཡོད་པ་མ་ཟད། འགྲེམས་སྟོན་ཁང་ཞིག་ཀྱང་བཟོ་བཞིན་ཡོད། ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། བོད་ཀྱི་དཔེ་མཛོད་ཁང་། དབུས་སྨན་རྩིས་ཁང་སོགས་སུ་ཕེབས་ནས་འདི་ག་ས་གནས་སུ་ཉིན་མ་མང་ཙམ་བསྡད་པ་ཡིན་ན། ང་ཚོའི་རེ་བར་ས་གནས་ཀྱི་མགྲོན་ཁང་དང་། གླ་རྒྱུག་སྣུམ་འཁོར་གཏོང་མཁན་སོགས་ལ་ཚོང་ཡག་པོ་ཡོང་ངེས་རེད། ང་ཚོ་ཚང་མ་ལས་དབང་གཅིག་ལྟ་བུ་ཡིན། འདིར་ཚང་མ་མཉམ་ཟ་མཉམ་འཐུང་བྱེད་བཞིན་ཡོད།
ཁྱེད་ཚོས་ད་བར་བོད་མི་ཚོར་རོགས་རམ་དང་རྒྱབ་སྐྱོར་ཇི་ཙམ་གནང་བ་དེ་དག་ང་ཚོས་རྩ་བ་ནས་མ་བརྗེད་པར་སེམས་ནང་བཞག་ཡོད། ཕྱི་ཟླ་ ༡༠ ནང་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་ཧི་མཱ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་ཞུ་འཆར་ཡོད། བོད་མི་སུས་ཀྱང་རྒྱ་གར་གཞུང་མང་གི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། ད་ལྟ་ང་ཚོ་རྒྱ་གར་གྱི་སྐུ་མགྲོན་ཆགས་ཡོད། ནམ་ཞིག་བོད་ལ་རང་དབང་གི་ཉི་མ་ཤར་ཚེ་ཁྱེད་རྣམས་ལྷ་སར་སྐུ་མགྲོན་དུ་མགྲོན་འབོད་ཞུ་རྒྱུ་ཡིན། དེ་རིང་འདིར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་རྗེས་འགྲན་རྩོད་ཨང་དང་པོ་དང་གཉིས་པ་ཐོབ་མཁན་རྣམས་ལ་བྱ་དགའ་གནང་ཡོད་པ་བཅས།།