༢༠༡༨ ཟླ་ ༩ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་དར་ལེན་ཌིའི་གྲོང་ཁྱེར་རོ་ཊར་ཌམ་ཞེས་པའི་ནང་ཡུལ་དེའི་གྲོས་ཚོགས་འཐུས་མི་དྲུག་དང་མཇལ་འཕྲད་མཛད་འདུག སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ད་བར་བོད་མི་དང་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་མཛད་དོན།
“དུས་ཚོད་རིམ་སོང་སྐབས་བོད་པའི་རིག་གཞུང་དེ་ཕན་ཐོགས་ཆེ་ལ་གནས་ཚད་ཧ་ཅང་མཐོན་པོར་སོན་པའི་རིག་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་བོད་ནང་རིག་གཞུང་དེ་དག་རིམ་བཞིན་རྩ་མེད་དུ་འགྲོ་བཞིན་ཡོད། བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ཡོད་སྟབས་ཆབ་སྲིད་ཐོག་ནས་དུས་རྟག་ཏུ་གནད་འགག་ཆེན་པོ་ཆགས་ཡོད། བོད་རང་བཙན་ཐོབ་ཟེར་རྒྱུ་ཁག་པོ་རེད། ང་ཚོས་བོད་རང་བཙན་རྩོད་ཀྱི་མེད། བོད་རང་བཙན་ཐོབ་པའི་དབང་དུ་བཏང་ཡང་བོད་མི་ཚོ་སྐྱོ་པོ་བྱེད་ནས་བསྡད་རྒྱུ་རེད།
མི་གཞན་ལ་དཔལ་འབྱོར་ཡར་རྒྱས་དགོས་པ་ལྟར་བོད་མི་ཚོ་ལའང་དཔལ་འབྱོར་ཡར་རྒྱས་དགོས། གལ་ཏེ་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་པ་ཡིན་ན་རྒྱ་ནག་དཔལ་འབྱོར་གྱི་ཆ་ནས་ཡར་རྒྱས་ཆེ་བར་བརྟེན་བོད་མི་ཚོར་ཡང་ཁེ་ཕན་ཐོབ་ངེས་ཡིན། རྒྱ་ནག་གི་རྩ་ཁྲིམས་ནང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་དེ་དག་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་སྟབས་ང་ཚོས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་གཅེས་འཛིན་བྱེད་ཐུབ་རྒྱུ་རེད། རྒྱ་ནག་གིས་བོད་མིར་ཚུར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཐུབ་པ་དང་། བོད་མིས་རྒྱ་ནག་ལ་ཕར་ཆོས་ཕྱོགས་ཐོག་ནས་ཕན་ཐོགས་བྱེད་ཐུབ་རྒྱུ་རེད། ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱལ་ཁབ་སོ་སོའི་སྒེར་གྱི་རྒྱལ་ཞན་རིང་ལུགས་ཀྱི་བསམ་བློ་གུ་དོག་པོ་དེ་དོར་ནས་སྤྱིའི་ཁེ་ཕན་གལ་ཆེ་བར་བརྩི་བཞིན་ཡོད། སྙིང་སྟོབས་དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད། ང་ཚོ་བོད་མི་ཚོས་ཀྱང་རྒྱ་ནག་དང་ལྷན་དེ་ལྟར་མཉམ་མཐུན་བྱེད་ནས་གནས་ཐུབ་པ་ཞིག་རེད།
ལོ་རྒྱུས་ཐོག་བོད་ནི་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་ཞིག་རེད། དུས་རབས་བདུན་པ་དང་བརྒྱད་པ། དགུ་པའི་སྐབས་རྒྱ་བོད་ཧོར་གསུམ་ཞེས་རང་བཙན་ཡོད་པའི་རྒྱལ་ཁབ་སོ་སོར་གནས་པ་མ་ཟད། རྒྱ་ནག་གོང་མ་ཐང་རྒྱལ་རབས་སྐབས་བོད་རྒྱ་ཁོངས་ཡིན་པའི་དཔང་རྟགས་ཡིག་ཆ་གཅིག་ཀྱང་མེད། འོན་ཀྱང་མན་ཇུའི་སྐབས་བོད་རྒྱ་ཁོངས་ཡིན་ཚུལ་བཤད་པ་རེད། འདས་པའི་གནས་ཚུལ་ནི་འདས་པ་རེད། ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་གི་ཚོགས་མིའི་རྒྱལ་ཁབ་དེ་དག་སོ་སོར་རང་བཙན་བྱེད་ནས་གནས་ཡོད།
ཕྱི་ལོ་ ༡༩༥༡ ལོར་ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱས་ཀྱང་དོན་ཕན་གང་ཡང་སོན་མེད། དེ་རྗེས་ཕྱི་ལོ་ ༡༩༥༩ དང་ ༡༩༦༥ ལོར་རྒྱ་གར་གཞུང་གིས་དགག་བྱ་གནང་མིན་ལ་མ་ལྟོས་པར་ང་ཚོས་སླར་ཡང་ཞུ་གཏུགས་བྱས་ཀྱང་གྲུབ་འབྲས་གང་ཡང་མ་སོན་པ་རེད། སྐབས་དེར་སྲིད་བློན་ནེ་རུ་མཆོག་གིས་ “ ཨ་མི་རི་ཀས་བོད་རང་བཙན་དོན་དག་དམག་བརྒྱག་རྒྱུ་མ་རེད། དེ་ལས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་ན་དགེ་མཚན་ཆེ་བ་ཡོད། ” ཅེས་གསུང་མྱོང་བ་མ་ཟད། སྐབས་ཤིག་ཁོང་གིས་གྲོས་མཐུན་དོན་ཚན་བདུ་བདུན་གྱི་འདྲ་བཤུས་ཤིག་བསྣམས་ནས་དོན་ཚན་རེ་རེ་བཞིན་མཛུབ་སྟོན་གནང་ནས། དོན་ཚན་འདི་དང་འདིའི་ཐོག་གོ་བསྡུར་གནང་དགོས་པ་སོགས་ལམ་སྟོན་གནང་བྱུང་། དེ་ནས་ ༡༩༥༦ ལོར་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་རྗེས་དྲན་མཆོད་འབུལ་རྣམས་ཡོངས་སུ་གྲུབ་མཚམས་དེ་སྔ་ནེ་རུས་བོད་དུ་ཕྱིར་ལོག་བྱས་ན་དགེ་མཚན་ཆེ་སྐོར་གསུང་པ་ལྟར་བོད་དུ་ཕྱིར་ལོག་བྱས་ནས་རྒྱ་ནག་དང་བསྟུན་མཁས་གང་ཐུབ་བྱས་པ་ཡིན། འོན་ཀྱང་མཐར་འབ་སུ་མ་འདུ་བའི་གནས་སྟངས་ཆགས་སྟབས་བྲོས་བྱོལ་དུ་ཡོང་དགོས་བྱུང་།
བོད་མི་ས་ཡ་དྲུག་ལ་མཚོན་ན་ཧ་ལས་པའི་མཁྲེགས་པོ་རེད། རྒྱ་མིས་འཇམ་རྩུབ་ཐབས་ཤེས་སྣ་ཚོགས་འོག་བོད་མིའི་བློ་དགུག་ཐབས་བྱས་ཡོད་ཀྱང་ལམ་ལྷོང་བྱུང་མེད། རྒྱ་ནག་གི་དབང་སྒྱུར་འོག་བོད་མི་འབུམ་གསུམ་དང་ཁྲི་བཞི་དམར་གསོད་བཏང་བའམ་ལྟོགས་ཤི་ཐེབས་པ། རང་ཤི་བརྒྱབ་པ་སོགས་བྱུང་ཡོད།
ཐོག་མའི་སྐབས་རྒྱ་བོད་མི་རིགས་དབར་འཁོན་འཛིན་གྱི་བསམ་བློ་མེད། འོན་ཀྱང་༡༩༥༩ ལོར་བོད་རིགས་དང་རྒྱ་ཧན་མི་རིགས་དབར་འཁོན་འཛིན་གྱི་བསམ་བློ་ཇེ་ཆེར་ཕྱིན་པ་རེད། དུས་ཡུན་དེའི་རིང་བོད་མིའི་སྙིང་སྟོབས་འགྱུར་བ་མེད་པར་སྲ་བརྟན་ངང་གནས་ཡོད། ད་ཆ་རྒྱ་ནག་འགོ་ཁྲིད་ཚོས་བོད་མིར་དྲག་གནོན་བྱས་ན་ཕན་ཐོགས་མེད་པ་ཤེས་ཚོར་བྱུང་བ་ལྟ་བུ་འདུག དེར་བརྟེན་ད་ཆ་ཁོ་པ་ཚོས་དངོས་ཡོད་གནས་སྟངས་དང་འཚམ་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་རྣམ་པ་ཞིག་མཐོང་བཞིན་འདུག ཇི་སྲིད་རྒྱ་ནག་གིས་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་གི་ཐོག་ནས་བོད་ཀྱི་དཀའ་རྙོག་མ་སངས་བར་བོད་ཀྱི་གནད་དོན་ཡལ་ཐབས་རྩ་བ་ནས་མེད། རྒྱ་ནག་དཔོན་རིགས་མཐོ་གྲས་ཚོར་ཏཱ་ལའི་བླར་ངོ་རྒོལ་བྱས་པ་ཡིན་ན་ཕན་ཐོགས་མེད་པའི་ངེས་ཤེས་རྙེད་པ་ལྟ་བུ་འདུག འོན་ཀྱང་ང་ཚོས་བལྟ་ཆོག” ཅེས་བཀའ་སློབ་སྩལ་བསྟུན་གྲོས་ཚོགས་འཐུས་མི་རྣམས་ཀྱི་དྲི་བར་བཀའ་ལན་སྩལ།
སྐུ་པར་མཐུན་འགྱུར་གནང་མཁན་དགའ་ལྡན་ཕོ་བྲང་ཡིག་ཚང་།