༢༠༡༨ ཟླ་ ༩ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ ཉིན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་སྐལ་བཟང་དགྱེས་སྟོན་ཉིན་གཉིས་པའི་མཛད་སྒོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་གི་མདུན་དུ་ཚུགས་གནང་སོང་།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག བཤད་སྒྲུབ་མཁན་སློབ་རྣམ་གཉིས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས། ཆོས་བརྒྱུད་ཁག་གི་སྐུ་ཚབ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན་སོགས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། སེར་སྐྱ་མི་མང་དང་སློབ་ཕྲུག་སོགས་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་གིས་ཕེབས་བསུ་དང་ལྷན་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་།
དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་རང་ཅག་བོད་མི་རིགས་རྣམས་ཀྱི་ཕ་མེས་ཡང་མེས་ཀྱི་ཆོས་ལུགས་ཤིག་ཡིན།འདས་ཟིན་པའི་མི་ལོ་ ༡༨༠༠༠ གི་ཡར་སྔོན་ནས་བཟུང་ད་ལྟའི་བར་ཆག་འཇིགས་དང་དར་འཕེལ་སོགས་སྣ་ཚོགས་ཤིག་བྱུང་ཡོད་ནའང་། ད་ལྟའི་བར་སྲ་བརྟན་དུ་གནས་ཐུབ་པ་འདི་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་ང་། ཁྱད་པར་དུ་ཕྱི་ལོ་ ༡༩༥༩ ལོར་རྒྱལ་བསྟན་སྤྱི་ལ་གོད་ཆགས་བྱུང་ནས་ཆོས་ལུགས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་བཙན་བྱོལ་དུ་འབྱོར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བསྟན་པ་སླར་གསོ་བྱུང་བ་ཙམ་དུ་མ་ཟད། སྐབས་དེར་གཡུང་དྲུང་བོན་ལ་མཚོན་ན་བོན་གྱི་ཆོས་བརྒྱུད་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་ཞིག་བཙན་བྱོལ་དུ་ཕེབས་ཡོད་ནའང་། གཡུང་དྲུང་བོན་གྱི་བསྟན་པར་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༣ པ་མཆོག་དང་།
སྐྱབས་རྗེ་སྨན་རི་ཡོངས་འཛིན་སྨྲ་བའི་སེངྒེ་མཆོག་རྣམ་གཉིས་འདིར་ཕེབས་ཐུབ་པའི་བཀའ་དྲིན་ཞིག་ཀྱང་ཡིན། ཁྱད་པར་དུ་ཞིང་གཤེགས་དམ་པ་མཆོག་ཕྱི་ལོ་ ༡༩༦༠ དགུང་གྲངས་༣༢ཐོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་སྐབས་རང་གི་ཁ་ཕོར་ཙམ་འཁྱེར་དབང་མེད་ནའང་། བསྟན་དོན་ཁོ་ནར་དམིགས་ཏེ་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་གསུང་རབ་གླེགས་བམ་ཕོན་ཆེན་ཞིག་ཧི་མཱ་ལ་ཡ་རི་རྒྱུད་ཀྱི་དགོན་སྡེ་ཁག་ནས་བཀའ་གཡར་མཛད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཕྲུལ་པར་བཏབ་ནས་རྒྱལ་ཁབ་དུ་མའི་དཔེ་མཛོད་གྲགས་ཅན་དང་རིག་གཞུང་གི་བསྟི་གནས་རྣམས་སུ་འགྲེམས་སྤེལ་གནང་།གཡུང་དྲུང་བོན་གྱི་སྐོར་ལ་ཐུགས་སྣང་གནང་མཁན་རྣམས་དང་།ལྷག་པར་དུ་རྒྱལ་སྤྱིའི་ཐོག་བོད་དང་བོན་རིགས་པའི་ཞིབ་འཇུག་པ་རྣམས་ལ་ཉམས་ཞིབ་ཀྱི་མཐུན་རྐྱེན་བླ་མེད་དུ་བསྐྲུན་ཡོད།
ཕྱི་ལོ་ ༡༩༧༨དགུང་གྲངས་ལྔ་བཅུའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་དུ་ཕྱག་བཏབ་ནས་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་དང་ཐུན་མོང་རིག་པའི་གནས་ཀུན་ལ་ཐོས་བསམ་འཆད་ཉན་བྱས་པའི་བཅའ་སྒྲིག་གཏན་འབེབས་མཛད། དེ་ནས་བཟུང་ད་ལྟའི་བར་གདན་ས་འདིའི་ཁོངས་ནས་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ཉམས་ལེན་མཛད་པའི་དགེ་བའི་བཤེས་གཉེན་གྱི་གྲངས་བརྒྱ་དང་བཅུ་ཕྲག་གསུམ་ལ་མ་ཟིན་ཙམ་སྐྱེད་སྲིང་གནང་བ་འདི་དམ་པ་ཁོང་གི་སྐུ་ཚེའི་ནང་མཛད་འཕྲིན་རླབས་ཆེ་ཤོས་དེ་ཡིན།
དུས་རྒྱུན་དུ་དམ་པ་ཁོང་གིས་གསུང་སྲོལ་ལ། སྐུ་གསུང་ཐུགས་རྟེན་ལ་ཟུང་འཇུག་འབུལ་བ་དེ་ཡག་པོ་རེད་དེ། དེ་ལས་ཀྱང་ལྷག་པ་མི་ལ་ཟུང་འཇུག་འབུལ་ཐུབ་ན་ཡག་པོ་ཡོད་ཅེས་གསུང་སྲོལ་ཡོད། ཞིང་གཤེགས་དམ་པ་ཁོང་ནི་སྐུ་ཚེ་ཧྲིལ་པོར་བྱ་བྲལ་ཉམས་ཆུང་གི་ཚུལ་བཟུང་མཁན་ཞིག་དང་། ཆོས་ལུགས་རིས་མེད་ལ་དག་སྣང་སྦྱོང་མཁན། རྣམ་པ་ཀུན་དུ་༧གོང་ས་མཆོག་གི་དབུ་འོག་དཔུང་འདེགས་དང་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་གནང་མཁན་ཞིག་དང་། བོད་མིའི་སྒྲིག་འཛུགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་ནི་ཧ་ལས་པའི་སྤོབས་པ་སྐྱེ་འོས་པ་ཞིག་རེད་ཅེས་ཞུ་རྒྱུ་ཡིན། ཞིང་གཤེགས་དམ་པ་ཁོང་གིས་ཕྱི་ལོ་ ༡༩༨༨ དང་ ༢༠༠༧ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་གདན་ཞུ་གནང་ཡོད།
ང་རང་ལྟ་བུ་ཡིན་ནའང་སྐྱབས་རྗེ་སྨན་རི་ཁྲི་འཛིན་དམ་པ་མཆོག་ཐེངས་འགའ་ཤས་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། ཕྱི་ལོ་ ༡༩༩༤ ལོར་བོན་གཞིས་བཅར་བའི་སྐབས་ལ་མཇལ་ཁ་ཐེངས་དང་པོ་དང་། དེ་རྗེས་ཐེངས་འགའ་ཤས་མཇལ་མྱོང་། དམ་པ་ཁོང་ག་དུས་མཇལ་བ་ཡིན་ནའང་རང་བཞིན་གྱི་སྤྲོ་སྣང་དང་། སོ་སོའི་ཕ་མ་མཇལ་བ་ནང་བཞིན་གྱི་ཚོར་བ་ཡོང་གི་འདུག ཁོང་གིས་ག་དུས་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་བྱེད་ཤོག་ཨང་། དེ་ལྟར་བྱེད་པ་ཡིན་ན་རྩ་བ་ཉིད་ནས་ནོར་འཁྲུལ་ཡོང་གི་མ་རེད། ཅེས་བཀའ་སློབ་ཡང་ཡང་གནང་གི་ཡོད།
མཇལ་ཁ་ནམ་ཞུ་སྐབས་དམ་པ་ཁོང་ནི་བླ་ཆེན་ཡིན་པ་ཙམ་མ་ཟད། ཐུགས་ཧ་ཅང་བརྩེ་བ་ཆེན་པོས་སྐྱེ་འགྲོའི་བདེ་དོན་སླད་དགོངས་བཞེས་གནང་བ་ཙམ་མ་ཟད། ཕྱག་ལས་གནང་བཞིན་ཡོད་པ་གསལ་པོར་མཇལ་ཐུབ། དེར་བརྟེན་ག་དུས་མཇལ་ཡང་སྐུ་བག་ཕེབས་དང་། ཐུགས་ཧ་ཅང་སྙོམས་ཆུང་ཞིང་། ཐུགས་གཤིས་བཟང་པོ། དུས་རྟག་ཏུ་མི་རབས་གསར་པ་ཚོས་འགན་ཁུར་ཡག་པོ་འཁྱེར་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར་ཕྱག་ལས་ཧུར་ཐག་གནང་སྟེ་བོད་ཀྱི་རྩ་དོན་ཐོག་ཤུགས་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད།
མཇལ་ཁ་མཐའ་མ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ བཞེས་པའི་༸སྐུའི་གྱ་སྟོན་གྱི་རྟེན་འབྲེལ་མཛད་སྒོར་མཇལ་རྒྱུ་བྱུང་། གྱ་སྟོན་མཛད་སྒོ་ཡོངས་སུ་གྲུབ་ནས་བོན་གཞིས་ཌོ་ལན་ཇིར་ཕེབས་ཁར་ཡང་ཆིབས་འགྲོའི་ནང་ནས་མཇལ་སྐབས་སྐུ་གཟུགས་དྭངས་སྐྱེད་དེ་ཙམ་མེད་པ་ཤེས་ཀྱི་ཡོད། དེར་བརྟེན་ཕེབས་ལམ་ལ་སྐུ་ལྷོ་ལྷོད་གནང་ནས་ཕེབས་རོགས་ཞེས་རེ་སྐུལ་ཞུས་པ་ཡིན། དེ་རྗེས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པར་ཧ་ཅང་བློ་ཕམ་བྱུང་། རླབས་ཆེན་གྱི་མཛད་རྗེས་ཅན་གྱི་མི་སྣ་ཞིག་དང་མི་ཐོག་རྒན་པ་རེད། ཁོང་རྣམ་པ་བོད་ནས་བཙན་བྱོལ་དུ་ཕེབས་རྗེས་སྐུ་ངལ་ཧ་ཅང་མང་པོ་བྱུང་ཡོད། འོན་ཀྱང་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས་སྐུ་ལས་བསྐྱོན་ཏེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་འདི་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་གཞིར་བཟུང་འཛམ་གླིང་སྤྱི་ཡོངས་ནང་བོད་བསྟན་སྲིད་སླད་སྐུ་ལས་བསྐྱོན་ཡོད།
ཕྱོགས་གཅིག་ནས་ང་ཚོས་དུས་རྟག་ཏུ་བརྗོད་བཞིན་པ་ལྟར་བོད་ཡུལ་ཤོར་ནས་མི་རབས་རྒན་པ་རྣམས་རིམ་བཞིན་ཕེབས་བཞིན་ཡོད་པར་བརྟེན་མི་ཐོག་གཞོན་པ་རྣམས་ལ་འགན་ཆེ་རུ་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་རེད། ད་རེས་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་སྐལ་བཟང་དགྱེས་སྟོན་གྱི་མཛད་སྒོར་བཅར་བའི་ཉིན་མོར་བོད་ཀྱི་སྲོལ་རྒྱུན་ལྟར་ཆར་བ་སིབ་སིབ་བབ་པ་དང་། ནམ་མཁར་འཇའ་ཚོན་ཁ་དོག་སྣ་ཚོགས་འཕྲོས་ཏེ་བཀྲ་ཤིས་པའི་རྟགས་རྟེན་འབྲེལ་དེ་འདྲ་བཟང་པོ་སྟོན་པ་འདི་ནི་ལྷ་དང་སྲུང་མ་ཡིན་ནའང་རྒྱབ་སྐྱོར་ཡོད་པ་དང་། ད་རེས་མཛད་སྒོ་འདི་གལ་ཆེན་པོ་ཡིན་པ་དང་ལམ་ལྷོངས་འགྲོ་གི་ཡོད་པ་ཧ་ཅང་གསལ་པོ་བྱུང་སོང་ཞེས་དང་། ཕྲན་རང་འདིར་ཡོང་བ་དེ་ཡོང་གོ་ཚོད་སོང་། ཧ་ཅང་དགའ་སྤོབས་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་། མཛད་སྒོ་གྲུབ་མཚམས་ཆུ་ཚོད་ ༢ ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་
དེ་ཡང་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ
ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡ ཉིན་ཞྭ་དཀར་གཡུང་དྲུང་བོན་གྱི་བ