ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༦ སྐལ་བཟང་དུས་ཚེས་དགེ་བའི་ཉིན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གསེར་ཁྲི་མངའ་གསོལ་གྱི་སྐལ་བཟང་དགྱེས་སྟོན་ཆེན་མོའི་མཛད་སྒོ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། གཡུང་དྲུང་བོན་གྱི་བོད་མི་མང་སྤྱི་འཐུས་རྣམ་གཉིས་བཅས་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་མཇལ་ཁ་ཞུས་གྲུབ་མཚམས་སྐྱབས་རྗེ་དཔོན་གསས་བླ་མ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༣ པ་ཞིང་གཤེགས་མཆོག་གི་གཟིམས་ཆུང་འོད་འབར་རྗེས་དྲན་དང་། རྟེན་ཁང་དུ་བཞེངས་པའི་སྐུ་བརྙན་དཔོན་གསས་ང་འདྲ་མ། གསེར་གདུང་། སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོ་སོགས་ལ་མཇལ་ཁ་ཞུས་གནང་རྗེས་ལྷ་རྒྱལ་རིར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་བསང་གསོལ་དང་རླུང་རྟ་སྒྲོན་འཛུགས་ཀྱིས་ཀི་བསོ་ལྷ་རྒྱལ་སོགས་ཀྱི་ཚིག་བཤད་དབྱངས་སུ་གྱེར།
དེ་ནས་སྔ་དྲོ་ཆུ་ཚོད་ ༩ ཐོག་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ མཆོག་༸དཔལ་ལྡན་སྨན་རིའི་བླ་བྲང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་ཞུས་ཀྱིས་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་ཆེན་མོར་ཞབས་སོར་འཁོད་མཚམས་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་ཆོ་གའི་ཚོགས་འཁོར་འབུལ་བ་དང་ལྷན་མཆོད་པའི་མཚམས་སུ་སླེབ་སྐབས་གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་མཎྡལ་གྱི་བཤད་པ་གྱེར་ཏེ་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་པ་བཅས་ནས་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་པ་མཆོག་ལ་མཎྡལ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་།
དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་ང་སྤྱི་འཐུས་ཚོགས་གཙོ་མཆོག ཆོས་རིག་དྲུང་ཆེ་བཅས་ནས་མཎྡལ་འདེགས་འབུལ་ཞུས། དེ་ནས་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ་དང་གཡུང་དྲུང་བོན་གྱི་སྤྱི་འཐུས་རྣམ་གཉིས། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགོ་འཛིན་དང་སྐུ་ཚབ། དེ་མིན་ཕྱོགས་མཐའ་ཁག་ནས་ཆེད་དུ་ཕེབས་པའི་བླ་གྲྭ་དང་། སྐུ་མགྲོན་སོགས་ཀྱིས་གོང་འཁོད་ཆོ་གའི་གཞུང་གི་མཆོད་པའི་ཚིག་བཤད་དང་སྦྲགས་རྒྱལ་བའི་སྐུ་རྟེན་དུ་སྐུ་བརྙན་སྣ་ཚོགས་དང་གསུང་རྟེན་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ཐུགས་རྟེན་དུ་རིན་ཆེན་ལས་གྲུབ་པའི་མཆོད་རྟེན་སྣ་ཚོགས་སོགས་རིམ་འབུལ་དང་། དེ་བཞིན་མཆོད་པ་རྣམ་ལྔ་དང་གསེར་དངུལ་ལས་གྲུབ་པའི་བཀྲ་ཤིས་རྟགས་བརྒྱད་རིན་ཆེན་ནོར་བདུན་སོགས་འབུལ་ཚན་ཁག་བསྟར་འབུལ་གྱི་མཆོད་སྤྲིན་སྤུངས་པ་དང་། ཚོགས་མཆོད་རྒྱས་པ་གྲུབ་ནས་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་མཆོག་གི་གསོལ་འདེབས་སོགས་དབྱངས་སུ་གྱེར་ཞིང་སེར་སྐྱ་མི་མང་རྣམས་ཀྱིས་གཤར་དབང་ཞུས་ནས་དད་རྟེན་ཆེད་སྐུ་པར་བྱིན་ཅན་རེ་གནང་སྟེ་མཛད་སྒོ་གྲོལ།
དེ་ནས་ཉིན་རྒྱབ་ཆུ་ཚོད་༢།༣༠ཐོག་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤ རིན་པོ་ཆེ་མཆོག་བླ་བྲང་ནས་འདུ་ཁང་ཆེན་མོར་སྤོས་འདྲེན་གྱི་གདན་དྲངས་ཏེ་སེར་སྐྱ་མི་མང་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་བཀའ་དབང་ཟབ་མོ་གནང་། ཕྱི་དྲོ་ཆུ་ཚོད་ ༦ ཐོག་བོན་ཕྲུག་བདེ་དོན་གྱི་རྩེད་ཐང་དུ་བྲོ་གཞས་སྣ་ཚོགས་འཁྲབ་སྟོན་གནང་ཡོད་པ་བཅས།།