༢༠༡༡ ཟླ་ ༣ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༥ ཉིན་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་གི་བཀོད་སྒྲིག་འོག་ཕྱི་ཟླ་ ༣ ཚེས་ཤར་ལ་རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་གྱི་འཐུས་ཚབ་ཚོགས་པ་སྟེ། རྒྱ་རིགས་རྩོམ་པ་པོ་དང་ཁྲིམས་དོན་མཁས་དབང་སྐུ་ཞབས་ཡོན་ཧུང་པིང་གིས་དབུ་ཁྲིད་པའི་ཨོ་སི་ཊོ་ལི་ཡ་དང་ཐེ་ཝན་གཉིས་ནས་སློབ་དཔོན་ཆེན་མོ་དང་གསོ་བ་རིག་པར་མཁས་པ། རྩོམ་སྒྲིག་པ་དང་ཚོང་པ་ཆེན་པོ། རྒྱ་ནག་གི་དྲུག་བཞིའི་སློབ་མའི་དབུ་ཁྲིད་དང་ཐེ་ཝན་རང་དབང་ལས་འགུལ་པ་བཅས་མི་གྲངས་ ༡༤ ལས་གྲུབ་པའི་འཐུས་ཚབ་ཚོགས་ཆུང་ཞིག་གསུམ་བཅུའི་དུས་དྲན་ཐེངས་ ༥༢ སྐབས་དང་བསྟུན་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་དང་བོད་ཀྱི་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་སླད་ཕེབས་ཡོད།
རྒྱ་ནག་རང་དབང་རིག་གཞུང་ལས་འགུལ་ཁང་གི་དྲུང་ཆེ་དང་རྒྱ་ཡིག་དྲ་རྒྱ༼རང་དབང་གི་དཔལ་འབར༽ཞེས་པའི་རྩོམ་སྒྲིག་པ་ལྕམ་ཀྲའོ་ཅིན་ཀྱིས་ངོ་སྤྲོད་ལྟར་ན། ཐེངས་འདིའི་འཐུས་ཚབ་ཚོགས་པ་ནི་སྣ་འཛོམས་རང་བཞིན་ལྡན་པའི་ཤེས་ཡོན་པའི་དཔུང་ཁག་ཅིག་ཡིན་པ་མ་ཟད། ཁོང་ཚོའི་ཁྲོད་དུ་སྐད་གྲགས་ཅན་གྱི་སློབ་དཔོན་ཆེན་མོ་བ་མང་ཤོས་དང་དེའི་ཁྲོད་གསོ་རིག་སློབ་དཔོན་ཆེན་མོ་གཅིག་དང་། ཚོང་པ། རྩོམ་པ་པོ་ཁ་ཤས་བཅས་ཡོད་ཅིང་། གཙོ་བོ་བོད་མིའི་རང་དབང་སྒེར་ལངས་དུས་དྲན་ནང་མཉམ་ཞུགས་དང་། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་ཐད་དོ་སྣང་། སློབ་གྲྭ་དང་རིག་གཞུང་བསྟི་གནས། སྨན་རྩིས་ཁང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ལ་གཟིགས་སྐོར། ༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་མཇལ་ཁ་བཅས་ལེགས་གྲུབ་བྱུང་ཡོད་ལ་ཚོགས་མི་ཁག་གཅིག་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་སྐོང་ཚོགས་གནང་བའི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་གཅིག་པར་ཟུར་ཉན་ལའང་བསྐྱོད་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུ་ཆེན་མོར་བལྟ་ཞིབ་བཅས་གནང་ཡོད། དེ་བཞིན་ཐེངས་འདིའི་འཚམས་གཟིགས་སྣེ་ཁྲིད་པ་སྐུ་ཞབས་ཡོན་ཧུང་པིན་གྱིས་བོད་དོན་ཐད་བརྩམས་པའི་དེབ་གསར༼ནམ་མཁའི་མཐོངས་སུ་བསྲིངས་པའི་བགྲོད་ལམ། རི་བོ་ཧི་མ་ལ་ཡ་བརྒལ་བ།༽ ཞེས་པ་ནི་བོད་མི་མང་ལ་ཕུལ་བའི་ལག་སྐྱེས་ཡིན་པ་དང་། ཤོག་གྲངས་ ༣༠༠ ལྷག་དང་ལེའུ་ ༡༡ གླེང་བརྗོད་དང་མཇུག་བྱང་གིས་གྲུབ་ཡོད་པ་ཞིག་རེད་ལ། རྩོམ་པ་པོས་༸གོང་ས་ལྔ་པ་ཆེན་མོའི༼དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས༽ནང་བཞིན་ཚིག་རྒྱན་གྱི་ཚད་མཐོ་ས་ནས་འགྲེངས་ཏེ་ལོ་རྒྱུས་ཀྱི་གཏིང་ཟབ་སར་འཛུལ་ཞུགས་གནང་ཡོད་པར་མ་ཟད། ༸གོང་ས་མཆོག་གིས་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་གྱི་སྒོ་མོ་ཕྱེ་བ་ནས་བོད་མི་ཚོས་ཚེ་སྲོག་གིས་རང་དབང་གསོ་བའི་རྒྱང་བསྐྱོད་གནང་དང་མཇུག་སྐྱོང་བཞིན་པའི་དཀའ་སྡུག་དང་དེའི་རིན་ཐང་། དེ་བཞིན་བོད་མཐོ་སྒང་གི་ཁོར་ཡུག་གིས་ཨེ་ཤ་ཡ་ལྷོ་ཤར་གཉིས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་རྐྱེན་པའི་དངོས་དོན། དེང་སྐབས་འགྲོ་བ་མིའི་རིགས་ལ་ནོར་སྲེད་ཀྱིས་རྐྱེན་པའི་བསམ་བློའི་དཀའ་ངལ་འདི་བཞིན་བོད་ཀྱི་མཚན་ཉིད་རིག་པས་སེལ་ཐུབ་སྲིད་པའི་མདུན་ལྗོངས། བོད་སོག་རྒྱ་གསུམ་གྱི་རྒྱབ་ལྗོངས་རིག་གཞུང་གི་ལམ་ནས་གཤིབས་བསྡུར། དབུ་མའི་ལམ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོངས་པ་ཆེར་བཞེས་ཀྱིས་བོད་རྒྱའི་བར་མི་ཤི་རྟ་འགྱེལ་མི་བྱུང་བར་དངོས་ཡོད་གནད་དོན་ཐག་གཅོད་ལ་དམིགས་པའི་ཐབས་ལམ་ཡིན་པ་སོགས་ཀྱི་སྐོར་ཁོང་གི་དེབ་འདིའི་ནང་དུ་བཀོད་ཡོད། རྒྱ་ཡིག་གི་དེབ་གསར་པ་འདི་བཞིན་ཕྱི་ཟླ་ ༣ ནང་ཐེ་ཝན་ཙོང་མེས་དེབ་རིགས་ཚད་ཡོད་མཐུན་གཉེར་ཁང་གིས་དཔེ་སྐྲུན་བྱེད་བཞིན་ཡོད་པ་བཅས།།
རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་རྡ་སར་འཚམས་གཟིགས་དང་བོད་དོན་རྒྱབ་སྐྱོར་ཞུ་བར་ཕེབས་པ།
གསར་གནས།
འབྲེལ་གནས།