ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །ཡུ་རོབ་བྷལ་ཊིག་ Baltic མངའ་ཁུལ་གྱི་རྒྱལ་ཁབ་ལི་ཐུ་ཝེ་ནི་ཡ་ Lithuania དང་། ལ་ཏི་ཝི་ཡ་ Latvia ། ཨི་སི་ཏོ་ནི་ཡ་ Estonia བཅས་ལ་རང་བཙན་ཐོབ་ནས་ལོ་ངོ་བརྒྱ་འཁོར་བའི་དུས་དྲན་དང་སྟབས་བསྟུན། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་མཐུན་འགྱུར་རོགས་རམ་འོག་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་འདུན་པ་བརྒྱད་ཀྱིས་བདུན་ཕྲག་གཉིས་རིང་སྐོར་སྐྱོད་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྡུལ་ཚོན་དཀྱིལ་འཁོར་བཞེངས་པ་དང་འཆམ་འཁྲབ་སྟོན་གྱི་ལམ་ནས་ཡུལ་དེ་དག་གི་གཞུང་མང་གཉིས་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཐུགས་རྗེ་ཞུའི་ལས་འགུལ་སྤེལ་དང་སྤེལ་མུས་རེད།
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བའི་ཉིན་མོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་མ་ཟད། ད་བར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་བོད་ཀྱི་རྩ་དོན་ཆེད་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་འཛམ་གླིང་གི་ཕྱོགས་གང་སར་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ནས་ཁོང་རྣམ་པའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ནས་ ༢༠༡༩ ཟླ་ ༣ ཚེས་ ༣༠ བར་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་ཡོད།
འབྲེལ་མཐུད་པ་ཇ་ནེ་ར་སི་ཆི་Jane Rasch ལགས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་ལི་ཐུ་ཝེ་ནི་ཡ་དང་། ལ་ཏི་ཝི་ཡ། ཨི་སི་ཏོ་ནི་ཡ་བཅས་ཀྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་བཅས། །