ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡ ནས་ ༡༠ བར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་སོག་པོའི་རྒྱལ་ས་ཨུ་ལན་སྦ་ཌར་ Ulaanbaatar ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་སོག་པོའི་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་འཐུས་མི། སོག་པོའི་ནང་པའི་དབུ་ཁྲིད།
དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེའི་སྐུ་ཚབ་སོགས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ཡུལ་དེའི་རྒྱལ་ཡོངས་བརྙན་འཕྲིན་ལས་ཁང་གི་བཅར་འདྲི་དང་ལེན་དང་། ཤེས་ཡོན་དང་སྤྱི་ཚོགས་བདེ་དོན་བསྟི་གནས་ཁང་སོགས་ལ་འཚམས་གཟིགས་གནང་འདུག
སྤྱིར་སོག་ཡུལ་ནི་ཨུ་རུ་སུ་དང་རྒྱ་ནག་རྒྱལ་ཁབ་གཉིས་དབར་ཆགས་ཡོད་པ་དང་། སོོག་པོ་ནི་མང་གཙོའི་ལམ་ལུགས་ཆགས་པ་ནས་བཟུང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་སླད་རྒྱ་ནག་ལ་བསྟུན་མཁས་ཤུགས་ཆེ་བྱེད་དགོས་ཀྱི་ཡོད། འོན་ཀྱང་བོད་དང་སོག་པོ་གཉིས་ལོ་རྒྱུས་ཐོག་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དེ་ད་ལྟ་མུ་མཐུད་གནས་ཡོད་པ་དང་། ད་དུང་བོད་སོག་གི་འབྲེལ་བ་དེ་གཏིང་གཟབ་ཏུ་གཏོང་ཆེད་དང་། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་ཆེད་ད་ལམ་བོད་མིའི་སྒྲིག་འཛུགས་ཀྱི་རུ་སོག་སྐུ་ཚབ་དོན་གཅོད་མཆོག་ས་ཁུལ་དེར་ཆེད་ཕེབས་གནང་ཡོད།
གཞན་ཡང་སྐུ་ཚཞབ་དོན་གཅོད་མཆོག་གིས་སོག་པོར་གནས་སྡོད་བོད་མི་ཚོ་དང་ཐུག་འཕྲད་གནང་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཁག་ངོ་སྤྲོད་དང་། ས་གནས་སུ་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཁག་གསན་ཞིབ་ཡང་གནང་འདུག་པ་བཅས།།