༢༠༡༡ ཟླ་ ༣ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༢ ཉིན་ཨ་རིའི་མངའ་སྡེ་ཁལ་ལི་ཕོར་ནི་ཡའི་ཁོངས་སན་ཧོ་སེ་ཁུལ་གྱི་ཟ་ཁང་ཞིག་ཏུ་བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱབ་སྐྱོར་འོག་ཝེ་ཏི་ནམ་སྐྱིད་སྡུག་ཚོགས་མི་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ལྕམ་སྦིག་ཁུ་ཕམ་ (Bickieu Pham) གྱིས་གོ་སྒྲིག་ཐོག་ཝེ་ཏི་ནམ་མི་རིགས་དང་། ཁུལ་དེར་གནས་སྡོད་བོད་རིགས་དབར་དགོང་དྲོའི་གསོལ་སྟོན་དང་། རོལ་དབྱངས་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་ཡོད། མིང་ལ་བཙན་བྱོལ་ནང་གི་མཛའ་གྲོགས་ཞེས་བཏགས་པའི་འདུ་འཛོམས་དེའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་དུ་གནས་པའི་ཝེ་ཏི་ནམ་མི་རིགས་དང་། བོད་རིགས་དབར་གྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་ཙམ་མ་ཟད། བོད་པར་ཤ་ཚ་རྒྱབ་སྐྱོར་ཡོད་མཁན་ཝེ་ཏི་ནམ་གྱི་སྤྱི་ཚོགས་ནས་བྱང་ཁལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ནིའུ་ཡོཀ་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་གསར་པའི་ཆེད་དུ་ཞལ་འདེབས་བསྡུ་སློང་བྱེད་རྒྱུ་དེ་ཡིན་པ་རེད། བཙན་བྱོལ་ནང་གི་མཛའ་གྲོགས་ཞེས་པའི་ལས་འགུལ་དེར་མི་གྲངས་ ༣༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་པའི་ནང་ནས་མང་ཆེ་བ་ནི་ཝེ་ཏི་ནམ་མི་རིགས་ཡིན་ཞིང་། བྱང་ཁལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་། ཚོགས་མི་ཁག་གཅིག་ཀྱང་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། གོང་གསལ་གྱི་ལས་འགུལ་དེའི་ཐོག སྐད་གྲགས་ཅན་གྱི་ཝེ་ཏི་ནམ་གྱི་གཞས་མ་དང་། སྒྱུ་རྩལ་མཁས་པ། དེ་བཞིན་ལྕགས་ཟམ་ཟློས་གར་ཚོགས་པ། ཝེ་ཏི་ནམ་གྱི་གཞོན་སྐྱེས་ཚོགས་པ་དང་། བྱང་ཁལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་སློབ་གྲྭའི་སློབ་ཕྲུག་བཅས་ནས་ཀྱང་མི་རིགས་སོ་སོའི་སྲོལ་རྒྱུན་གྱི་རིག་གཞུང་འཁྲབ་སྟོན་བྱས་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་མཚོན་པའི་གློག་བརྙན་དང་བོད་རིགས་སྤྱི་མཐུན་ཚོགས་པ་ངོ་སྤྲོད་ཀྱི་གློག་བརྙན་ཞིག་ཀྱང་བསྟན་ཡོད། ལས་འགུལ་གོ་སྒྲིག་གནང་མཁན་གྱིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འདུ་འཛོམས་ཐོག་གདན་འདྲེན་ཞུས་ནས་ལས་འགུལ་ལམ་ལྷོང་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་དགོང་དྲོའི་གསོལ་སྟོན་གྲུབ་རྗེས་གསུང་བཤད་མདོར་བསྡུས་ཤིག་གནང་དོན། ལས་འགུལ་གོ་སྒྲིག་གནང་མཁན་དང་། མཉམ་ཞུགས་གནང་མཁན་ཚང་མས་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཝེ་ཏི་ནམ་མི་རིགས་དང་། བོད་མི་རིགས་ནི་དམར་ཤོག་གི་གཅིག་སྡུད་དབང་སྒྱུར་འོག་ཏུ་གནས་པའི་མི་རིགས་ཤིག་ཡིན་པས་ཆབ་སྲིད་ཀྱི་རྒྱབ་ལྗོངས་གནས་སྟངས་འདྲ་མཚུངས་ཡིན་སྟབས་ཕན་ཚུན་འཆམ་མཐུན་དང་། གདུང་སེམས་མཉམ་སྐྱེ་བྱེད་དགོས་ངེས་རེད། དཔེར་ན། བྱེས་འཁོད་བོད་མི་རྣམས་ ༡༩༥༩ ལོར་བཙན་བྱོལ་དུ་མི་ཡོང་ཐབས་མེད་ཆགས་པ་དང་། ཝེ་ཏི་ནམ་མི་རིགས་ཀྱང་ཝེ་ཏི་ནམ་དམག་འཁྲུག་གི་རྗེས་ལ་ཨ་རིར་སྐྱབས་བཅོལ་དུ་བསྐྱོད་དགོས་བྱུང་ཡོད། ཐོག་མའི་ཝེ་ཏི་ནམ་གྱི་སྐྱབས་བཅོལ་བའི་བསྟི་གནས་བཞི་ནས་གཅིག་ཁལ་ལི་ཕོར་ནི་ཡའི་ཨོག་ཁ་ལན་ (Oakland) ཁུལ་དུ་བཙུགས་ཡོད། ཁུལ་དེ་ནི་བོད་རིགས་འདུས་སྡོད་བྱེད་ས་ཞིག་ཡིན་ཞིང་། (Little Saigon )ཞེས་པའི་ས་ཁུལ་དེ་ནི་ཝེ་ཏི་ནམ་མི་རིགས་ཁེ་གཙང་སྡོད་སའི་ས་གནས་ཤིག་ཆགས་ཡོད་ཅེས་གསུངས། དེ་བཞིན་ལས་འགུལ་གོ་སྒྲིག་གནང་མཁན་ལྕམ་སྦིག་ཁུ་ཕམ་གྱིས། ཝེ་ཏི་ནམ་མི་རིགས་དང་བོད་རིགས་གཉིས་དབར་གཅིག་གིས་གཅིག་ལ་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་མང་པོ་ཡོད་ལ། མི་རིགས་དེ་གཉིས་ནས་སོ་སོའི་རིག་གཞུང་དང་། སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁུར་ཆེན་པོ་ཞིག་ཡོད། ངས་མ་འོངས་པར་རང་ངོས་ནས་གང་ཐུབ་བྱེད་རྒྱུར་ཧ་ཅང་གི་འདོད་མོས་ཡོད་ཅེས་གསུངས། ཕྱོགས་མཚུངས་བྱང་ཁལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་རྡོར་དབུ་དཀར་ཚང་གིས་ཀྱང་། ད་ཐེངས་ཀྱི་ལས་འགུལ་དེ་ནི་མི་རིགས་གཉིས་མཉམ་རུབ་ཐོག་སྤེལ་བའི་རིག་གཞུང་འཁྲབ་སྟོན་གྱི་ལས་འགུལ་ཐེངས་དང་པོ་དེ་ཡིན་ཞིང་། སྤྱི་མཐུན་ཚོགས་པའི་ངོས་ནས་ཝེ་ཏི་ནམ་མི་རིགས་དང་མཉམ་དུ་མ་འོངས་པར་འབྲེལ་ལམ་ཡག་པོ་ཉར་རྒྱུར་འདོད་པ་ཆེན་པོ་ཡོད་ཅེས་གསུངས། ཐེངས་འདིའི་འདུ་འཛོམས་སྐབས་ཨ་སྒོར་ ༢༠༩༦༣ བསྡུ་རུབ་བྱས་ཡོད་པ་ནས་ཕྱེད་ཀ་བྱང་ཁལ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཕྱེད་ཀ་ནིའུ་ཡོཀ་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་གི་ཆེད་དུ་ཞལ་འདེབས་གནང་རྒྱུའི་ཐག་གཅོད་བྱུང་འདུག ད་རེས་ཀྱི་རིག་གཞུང་འཁྲབ་སྟོན་དེ་ནི་ཝེ་ཏི་ནམ་མི་རིགས་དང་བོད་རིགས་མཉམ་རུབ་ཐོག་སྤེལ་བའི་ལས་འགུལ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་བཅས། །