ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་འདི་ལོ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་བཞིན་པ་དང་བསྟུན། ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོའི་སྐབས་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པས་རྒྱ་གར་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་སྡེའི་ནང་ས་གནས་རྒྱ་གར་བལ་ཚོང་ཚོགས་པ་ཚོར་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་མཛད་སྒོ་དབུ་བཙུགས་གནང་ཡོད་འདུག་པ་དང་། མཛད་སྒོའི་ཐོག་ས་གནས་ཁག་ནས་ཕེབས་པའི་བོད་མི་ཚོང་པའི་རྒྱུན་ལས་དང་། ཚོགས་མི་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ཚོགས་བཅར་གནང་འདུག
དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་ནང་གི་ཛ་དྲག་གནས་སྟངས་དང་། ད་བར་བོད་མི་ ༡༥༢ ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་བའི་སྐོར། དེ་བཞིན་བོད་མི་ ༥༠༠༠ ལྷག་ཙམ་ད་ལྟ་རྒྱ་ནག་གི་བཙོན་ཁང་ནང་ཚུད་ཡོད་པ་དང་། བོད་མིའི་ཆོས་ཕྱོགས་དང་རིག་གཞུང་གི་བྱེད་སྒོ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྐོར། བོད་ནང་རྒྱ་ནག་གཞུང་ནས་མེ་འཁོར་ལྕགས་ལམ་དང་། གནམ་ཐང་སོགས་མི་འབོར་སྤོ་ཤུགས་ཆེད་འཛུགས་སྐྲུན་བྱེད་བཞིན་ཡོད་སྐོར། ད་བར་རྒྱ་མི་ས་ཡ་ ༧ ལྷག་ཙམ་བོད་ནང་མི་འབོར་འོར་འདྲེན་བྱས་ཡོད་ལུགས་སོགས་བོད་ནང་གི་ཛ་དྲག་སྐོར་གྱི་གནད་དོན་དང་། དེ་བཞིན་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་། སྔོན་རྩིས་གྲོས་ཚོགས་སྐབས་སུ་གྲོས་ཚོགས་ནས་སྔོན་རྩིས་བཀའ་འཁྲོལ་ཇི་ཙམ་གནང་མིན་ཐོག་རེ་རེ་བཞིན་འགྲེལ་བརྗོད་དང་། བོད་མི་རྣམས་ནས་དང་བླངས་དཔྱ་དངུལ་དང་། ཚོང་ཕུད་དང་ཞལ་འདེབས་སོགས་གང་ཐུབ་གནང་ཡོད་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུས་ཡོད་འདུག
བཙན་བྱོལ་སྤྱི་ཚོགས་ནང་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་དང་། མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བརྒྱབ་པར་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་མི་མི་རེ་ངོ་རེའི་འཚོ་བའི་གནས་སྟངས་ཧྲ་ཏག་ཏག་གནས་ཐུབ་ཡོད་སྐོར་སོགས་གསུངས་གནང་ཡོད་པ་དང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་མུ་མཐུད་གསུང་དོན། བོད་མི་ཚོ་བཙན་བྱོལ་དུ་མི་ལོ་ ༥༩ བསྡད་རིང་ཐོག་མར་འཚོ་རྟེན་ལམ་བཟོ་དང་། དེ་ནས་སོ་ནམ་ཞིང་ལས། རིམ་བཞིན་ཚོང་གཉེར་ཐོག་གོམ་སྟབས་སྤོས་ཡོད་པ་དང་། ད་ཆ་མི་ལོ་ ༥༠ ལྷག་རིང་ལུ་དྷི་ཡ་ནའི་རྒྱ་གར་བལ་ཚོང་པ་རྣམས་ཀྱིས་མཐུན་འགྱུར་དང་། རོགས་སྐྱོར་ཐོག་རྒྱ་གར་རྒྱལ་ཡོངས་ནང་བོད་མི་ཚོས་དབྱར་ཚོང་དང་། དགུན་ཚོང་གཉེར་བཞིན་ཡོད་སྟབས། ཁོང་རྣམས་ནི་བོད་མི་སྤྱིའི་འཚོ་རྟེན་དང་། བོད་མིའི་སྒྲིག་འཛུགས་ལ་ཕན་རླབས་ཆེན་པོ་གནང་ཡོད་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། བར་ལམ་བོད་མིའི་སུད་ཚོང་ཁག་མང་རུ་འགྲོ་བཞིན་ཡོད་པ་དང་། དེའི་ཐོག་དཀའ་ངལ་རིམ་པ་མང་པོ་འཕྲད་པའི་སྐབས། ང་རང་ ༡༩༩༧ ཙམ་ནས་བཟུང་ད་བར་རང་ནུས་གང་ཡོད་ཀྱིས་རོགས་ཕན་བྱ་རྒྱུས་མཚོན་དཀའ་ངལ་གང་ཡོད་ཐོག་ཉམས་མྱོང་གསོག་རྒྱུ་བྱུང་། སྐབས་འགར་བོད་མི་ནང་ཁུལ་ནས་ཁྲོམ་རྭའི་དཀའ་རྙོག་དང་། ལྷག་པར་དགུན་ཚོང་སྐབས་རེ་ཟུང་ནས་ཕྱི་མིར་བཀའ་མོལ་གནང་ཕྱོགས་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད་ཙང་། མ་འོངས་པར་དེ་དག་ཐོག་ངེས་པར་དུ་གཟབ་གཟབ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོ་བོད་མིའི་ལས་དོན་ཡོངས་རྫོགས་གཞན་དབང་སྟབས་བསྟུན་ཞིག་ཡིན་སྟབས། ཚང་མས་ཐུགས་གཟབ་གནང་རོགས་བཅས་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད་འདུག
དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་གསུང་བཤད་གཉིས་པ་རྒྱ་གར་ཚོང་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་རྒྱ་གར་སྐུ་མགྲོན་རྣམ་པ་དང་། རྒྱ་གར་བལ་ཚོང་ཚོགས་པ་གཉིས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་གཙོས་ཚོགས་བཅར་བ་ཡོངས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་བཅར་རྒྱུའི་གོ་སྐབས་བྱུང་བ་འདིའི་ཐོག་ནས་རྣམ་པ་ཚོ་མཇལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་བྱུང་བཞིན་ཡོད་པ་དང་། ཉེ་བའི་ཆར་འབྲོག་ལམ་ས་མཚམས་ཀྱི་དཀའ་རྙོག་ལྟ་བུ། རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ཡོངས་ལ་རྒྱ་ནག་གཞུང་གིས་རྟག་ཏུ་དཀའ་རྙོག་བཟོ་བཞིན་ཡོད་པ་དང་། དེའི་བྱུང་རྐྱེན་གཙོ་བོ་ནི་བོད་དེ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་ཉེར་ལེན་ལ་བརྟེན་ནས་ཡིན། རྒྱ་ནག་གཞུང་གིས་བོད་ནང་བྱུས་ངན་སྲིས་བྱུས་འཛིན་བཞིན་པ་དེ་དག་རིམ་བཞིན་རྒྱ་གར་ལའང་ཉེན་ཁར་བསྒྱུར་རྒྱུ་རེད། བོད་དང་རྒྱ་གར་དབར་ལོ་རྒྱུས་ཐོག་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་བོད་ཀྱི་རྩ་དོན་ཐོག་རྒྱ་གར་གཞུང་མང་གཉིས་ནས་དམིགས་བསལ་མཐུན་འགྱུར་རོགས་རམ་གནང་བའི་བཀའ་དྲིན་གྱིས་ད་ཆ་བོད་ཀྱི་གནད་དོན་དེ་འཛམ་གླིང་ཡོངས་ཁྱབ་ལྟ་བུ་ཆགས་ཡོད། དེ་རིང་སྐབས་སུ་བབ་པའི་ལུ་དྷི་ཡ་ནའི་བལ་ཚོང་ཚོགས་པ་གཉིས་ནས་བོད་མི་རྣམས་ལ་ལོ་ངོ་ ༥༠ ལྷག་རིང་ཚོང་གཉེར་གྱི་མཐུན་འགྱུར་རོགས་རམ་གང་ཐུབ་གནང་བར་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་བདེན་མཐའ་གསལ་བའི་ཉིན་མོར་བོད་ཁྱོན་ཡོངས་ཀྱི་ནང་ཁྱེད་རྣམས་དང་ཚོང་འབྲེལ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན། སླར་ཡང་ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་རྒྱལ་ལོ། རྒྱ་གར་རྒྱལ་ལོ་ཞེས་གསུངས་གནང་ཡོད་པ་མ་ཟད། དེ་བཞིན་དེའི་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རང་ལུས་མེར་བསྲེགས་སྐོར། མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་རིགས་མང་པོ་བོད་ནང་སྤོ་ཤུགས་ཆེ་རུ་གཏོང་བཞིན་པའི་སྐོར་སོགས་གསུངས་གནང་ཡོད་འདུག
དེ་རྗེས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ (Ravneet Singh L.S) མཆོག་གིས་ད་ལྟ་རྒྱ་ནག་གཞུང་གིས་བོད་ལ་དཀའ་ངལ་གང་བཟོས་དང་བཟོ་བཞིན་པ་རྣམས་སྔར་རྒྱ་གར་ཨིན་ཇིའི་མངའ་འོག་ཏུ་ཡོད་སྐབས་དེ་ལྟར་མྱངས་ཡོད་སྐོར་དང་། དེ་བཞིན་ཁོང་གི་ཕ་དམ་པ་འཇིགས་སྐུལ་རིང་ལུགས་པས་ཚེ་སྲོག་ཕྲོགས་པའི་སྐོར། བོད་ཕྱི་ནང་གཉིས་ཀྱི་དཀའ་ངལ་ཇི་ཡོད་ལ་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། ལྷག་པར་དུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་གིས་མཚོན་རྒྱ་གར་ཁྱོན་ཡོངས་ནས་དད་པ་དང་གུས་པ་ཆེན་པོ་ཡོད་ཅེས་དང་། འབྱུང་འགྱུར་ལུ་དྷི་ཡ་ནའི་རྒྱ་གར་ཚོང་པ་རྣམས་ནས་བོད་མི་རྣམས་ལ་གང་ཐུབ་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་འདུག ཕྱོགས་མཚུངས་མངའ་སྡེའི་གྲོས་ཚོགས་འཐུས་མི་བློན་ཆེན་ཟུར་པ་ (Shri Surinder Kumar Dawar,MLA) མཆོག་ནས་ཀྱང་ཁོང་དང་མཚུངས་པའི་གསུང་བཤད་གནང་འདུག དེ་བཞིན་ལུ་དྷི་ཡ་ན་གྲོང་ཁྱེར་སྤྱི་ཁྱབ་ (Shyam Sunder Malhotra,Senior Deputy Mayor,Ludhiana) མཆོག་གིས་བོད་ཀྱི་འཐབ་རྩོད་དང་། བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། མ་འོངས་པར་ཁོང་ནས་རོགས་རམ་གང་ཐུབ་ཅི་ཐུབ་གནང་རྒྱུ་ཡིན་ཞེས་གསུངས་གནང་འདུག
དེ་རྗེས་རྒྱ་གར་བལ་ཚོང་ཚོགས་པ་གཉིས་ཀྱིས་ཚོགས་གཙོ་རྣམ་གཉིས་ནས་ལུ་དྷི་ཡ་ནར་༧གོང་ས་༧སྐྱབས་མགོན་མཆོག་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་པའི་སྐོར་དང་། མགོན་པོ་གང་ཉིད་ཀྱི་གསུང་གི་བདུད་རྩི་ཉན་རྒྱུའི་བསྐལ་བཟང་གི་གོ་སྐབས། དེ་བཞིན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་གནང་བ་དང་བཀའ་སློབ་ཉན་རྒྱུའི་གོ་སྐབས་བྱུང་བ། ལོ་སྔོན་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་དང་མཇལ་རྒྱུའི་གོ་སྐབས་དང་། ལྷག་པར་དེ་རིང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། བོད་མིའི་འཐབ་རྩོད། བོད་མིའི་འཚོ་བའི་གནས་སྟངས་ཐོག་ཤེས་རྟོགས་ཆེན་པོ་བྱུང་བའི་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། བོད་མི་ཚོང་པ་རྣམས་ལ་སྔར་ལྟར་མུ་མཐུད་མཐུན་འགྱུར་རོགས་རམ་གང་ལེགས་གནང་རྒྱུའི་ཁས་ལེན་གནང་འདུག