ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༠༥ ཐོག་དགུང་ལོ་ ༩༣ ལ་སོན་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་ Mr Atal Bihari Vajpayee མཆོག་སྙུང་གཞིའི་རྐྱེན་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེམ་སི་AIIMS སྨན་ཁང་དུ་སྐུ་ཚེ་འཕེན་པ་རྫོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་མཆོག་གི་གསོས་ཕྲུག་བུ་མོ་ན་མི་ཏ་བྷ་ཊ་ཅརྱའི་ Smt Namita Bhattacharya མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་བའི་ནང་འཁོད་དོན། ངོས་རང་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་མཆོག་དང་ངོ་ཤེས་གྲོགས་པོ་ཆགས་པ་དེ་བསོད་བདེ་ཆེན་པོ་ཞིག་ལ་རྩི་ཡི་ཡོད།
དེ་སྔ་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་མཆོག་གིས་ཕྱག་ལས་གནང་བཞིན་པའི་སྐབས་ངོས་གཉིས་རྒྱུན་དུ་ཐུག་འཕྲད་དང་། ཐ་ན་དམ་པ་དེ་ཉིད་རྒན་ཡོལ་ཞུས་རྗེས་ངོས་རང་མུ་མཐུད་ཁོང་གི་བཞུགས་ཤག་ཏུ་ཐུག་འཕྲད་དུ་ཕྱིན་པ་ཡིན། ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་མཆོག་ནི། བློས་གཏོང་གནང་མཁན་གྱི་སྲིད་དོན་པ་ཞིག་རེད། དམ་པ་དེ་ཉིད་སྐུ་ཚེ་འཕེན་པ་རྫོགས་པ་ནི་རྒྱ་གར་ལ་མཚོན་ན་ཧ་ཅང་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཅིག་མེད་པ་ཆགས་པ་རེད།
ཕྱི་ལོ་ ༡༩༥༠ སྨད་ཙམ་ནས་ཨ་ཊལ་བྷི་ཧ་རི་ཝཇ་པ་ཡེ་མཆོག་གིས་ལྷག་བསམ་རྣམ་དག་གིས་བོད་དོན་དང་བོད་མིའི་ཆེད་རྒྱབ་སྐྱོར་གནང་འགོ་ཚུགས། དུས་དེ་ནས་བཟུང་དམ་པ་དེ་ཉིད་ཀྱིས་རྒྱ་གར་གྲོས་ཚོགས་ནང་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་རྒྱ་གར་གཞུང་ལ་འབོད་སྐུལ་ཡང་ཡང་ཞུས་ཡོད།
མཐའ་དོན་སྙན་གྲགས་ཆེ་བའི་སྲིད་དོན་པ་དམ་པ་དེ་ཉིད་མཆོག་ལ་བསྔོ་བ་སྨོན་ལམ་དང་སྦྲགས་ཤུལ་ལུས་ཉེ་འབྲེལ། གྲོགས་པོ་གྲོགས་མོ་དེ་བཞིན་ཕྱག་སྦྲེལ་བཅས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་གསུང་འཕྲིན་བསྩལ། །
འདི་ག་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།