ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞི་ཚན་པའི་ Tibetan Entrepreneurship Development གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ལོའི་བོད་པའི་ཡར་ཐོན་ཚོང་ལས་པ་ Entrepreneur རྣམས་ལ་རྒྱུས་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞིའི་དགོས་པ་དང་དམིགས་ཡུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་འབྲེལ། བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་ཡོང་བར་བོད་པའི་ཡར་ཐོན་ཚོང་ལས་པ་ཚོར་ཤུགས་རྐྱེན་བཟང་པོ་ཐེབས་ཐུབ་པའི་ནུས་པ་ཡོད། ཅེས་དང་།
དེ་དང་ཕྱོགས་མཚུངས་མ་འོངས་པར་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞིའི་འོག་བོད་པའི་ཚོང་པ་ཚོས་རང་ཉིད་ཀྱི་ཚོང་ལས་ཡར་རྒྱས་གཏོང་བར་མ་འཛུགས་གཟེངས་རྟགས་སོགས་ཀྱིས་མཚོན་པའི་གོ་སྐབས་སྣ་ཚོགས་ཡོད། ཅེས་གསུངས།
འདི་ལོའི་ལས་གཞི་ནང་སྙན་ཞུ་ཕུལ་མཁན་མི་གྲངས་ ༡༧ འབྱོར་བའི་ཁོངས་ནས་ཡར་ཐོན་ཚོང་ལས་པ་རྩེ་ཕུད་གྲངས་ ༤ འདེམས་སྒྲུག་བྱུང་ཡོད་པ་དང་། ཚོང་ལས་ཆེད་མཁས་མི་སྣས་ཁོང་རྣམ་པར་ཚོང་ལས་གཉེར་ཕྱོགས་དང་འབྲེལ་བའི་སྔོན་འགྲོའི་སྐྱེད་སྲིང་ཟབ་སྦྱོང་དང་ལམ་སྟོན་སོགས་གནང་རྒྱུ་ཡིན་པ་རེད།
འདེམས་སྒྲུག་ཟིན་པའི་ཡར་ཐོན་ཚོང་ལས་པ་རྣམས་ལ་རྒྱ་གར་བྱང་ཕྱོགས་ཧར་ཡ་ན་མངའ་སྡེའི་གྲོང་ཁྱེར་སོ་ནི་པཏ་ Sonipat ནང་རྟེན་གཞི་བྱས་པའི་ཨོ་པི་ཇིན་དལ་མཐོ་སློབ་ཁང་ OP Jindal Global University དུ་བདུན་ཕྲག་གཉིས་རིང་དང་། དེ་བཞིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བདུན་ཕྲག་གསུམ་རིང་ཚོང་ལས་གཉེར་ཕྱོགས་དང་འབྲེལ་བའི་སྔོན་འགྲོའི་སྐྱེད་སྲིང་ཟབ་སྦྱོང་སྤྲོད་རྒྱུ་རེད།
ལས་གཞི་འདིས་བོད་མིའི་སྤྱི་ཚོགས་ནང་དེང་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཡར་ཐོན་ཚོང་ལས་པ་ Entrepreneur ཇེ་མང་སྐྱེད་སྲིང་ཡོང་ཐབས་གཙོ་བོ་དང༌། ཚོང་ལས་པ་དེ་དག་བརྒྱུད་རང་རེའི་སྤྱི་ཚོགས་ནང་ལས་རིགས་ཀྱི་གོ་སྐབས་མང་དུ་འགྲོ་ཐབས་དང་རིམ་པས་བཙན་བྱོལ་བོད་མིའི་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་ཡར་རྒྱས་སྲ་བརྟན་ཡོང་རྒྱུར་དམིགས་པ་ཞིག་ཡིན། །