ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣༠ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་ནང་འཚམས་གཟིགས་གནང་ཡོད།
དེ་ཡང་ཤེས་རིག་བཀའ་བློན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་འཚམས་གཟིགས་གནང་དགོས་དོན་གཙོ་བོ་ནི། ཁེ་ན་ཌའི་གཞུང་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་ཁག་ལག་བསྟར་ཡོང་ཆེད་རོགས་དངུལ་མུ་མཐུད་གནང་དགོས་པའི་སྐོར་ཡིན་འདུག
ཤེས་རིག་བཀའ་བློན་མཆོག་གནམ་ཐང་དུ་འབྱོར་སྐབས་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དང་། ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Canada Tibet Committee འགན་འཛིན། དེ་བཞིན་ཨོ་ཊ་ཝར་བོད་ཀྱི་གྲོགས་པོ་ཚོགས་པའི་ Ottawa Friends of Tibet འགན་འཛིན་འགྱུར་མེད་དབང་གྲགས་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ཀྱིས་ཁེ་ན་ཌ་རྒྱལ་སྤྱིའི་ཡར་རྒྱས་ལས་ཁུངས་ Office of International Development ཀྱི་ངེས་སྟོན་པ་དང་ཐུག་འཕྲད་གནང་སྟེ་རོགས་དངུལ་ཀྱི་ཛ་དྲག་རང་བཞིན་དང་། ལས་འཆར་མང་པོ་ཞིག་ལག་བསྟར་གནང་མ་ཐུབ་པར་ལྷག་བསྡད་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད། སྐབས་དེར་ངེས་སྟོན་པ་མཆོག་གིས་རོགས་དངུལ་ཐད་ལ་ཁེ་ན་ཌ་གཞུང་ནས་དགོངས་བཞེས་དང་རྒྱབ་སྐྱོར་གནང་བཞིན་ཡོད་པས། མགྱོགས་མྱུར་ཁེ་ན་ཌ་གཞུང་གིས་གཞུང་འབྲེལ་ཐོག་གསལ་བསྒྲགས་གནང་རྒྱུ་ཡིན་པ་གསུངས་འདུག
བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་ཁེ་ན་ཌའི་ཆོས་དད་རང་དབང་དང་སྲིད་བྱུས་སློབ་སྟོན་ཚན་པའི་ངེས་སྟོན་པ་ Inclusion and Religious Freedom and policy advisor དང་ཐུག་འཕྲད་ཀྱིས་ད་ལྟ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་དང་། ཕྱོགས་མཚུངས་ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གོ་སྒྲིག་གནང་བའི་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཐེངས་དང་པོ་རྒྱལ་སྤྱིའི་བློན་ཆེན་རིམ་པའི་ཆོས་དད་རང་དབང་གི་ཚོགས་ཆེན་བསྐོང་ཚོགས་གནང་བའི་སྐོར་སོགས་སྙན་སེང་ཞུས་ཡོད།
བཀའ་བློན་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་གཉིས་ནས་ཁེ་ན་ཌའི་རྒྱ་གར་གཞུང་ཚབ་མཆོག་ལ་ཐུག་འཕྲད་གནང་ཡོད་པ་མ་ཟད། མོན་ཊ་རེལ་ Montreal དང་ཨོ་ཊ་ཝར་ནང་གི་བོད་མིར་མཐོང་མཆན་དཀའ་ངལ་སྐོར་འགྲེལ་བརྗོད་གནང་ཡོད། སྐབས་དེར་རྒྱ་གར་གཞུང་ཚབ་པ་མཆོག་དང་གཞུང་ཚབ་གཞོན་པ་གཉིས་ཀྱིས་མཐོང་མཆན་གྱི་དཀའ་ངལ་སེལ་ཐབས་གནང་རྒྱུའི་ཁས་ལེན་གནང་ཡོད། །