ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༥ ནས་ཟླ་ ༧ ཚེས་ ༣༠ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བལ་ཡུལ་དང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གོ་རྟོགས་ལས་རིམ་གཉིས་པ་དང་གསུམ་པ་ལེགས་གྲུབ་བྱུང་བ་དང་། སྤྱིར་ཟླ་དྲུག་གི་གོ་རྟོགས་ལས་རིམ་དེ་ཉིད་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༦ ནས་དབུ་བཙུགས་ཀྱིས་ཟླ་ ༡༡ ཚེས་ ༡༥ བར་དུ་འགྲོ་རྒྱུའི་གཞི་རྒྱ་ཆེ་བའི་ལས་གཞི་གལ་ཆེ་ཞིག་ཡིན།
ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༥ ནས་ ༢༣ བར་བལ་ཡུལ་ཁུལ་གྱི་བོད་པའི་སློབ་གྲྭ་བརྒྱད་ཀྱི་དགེ་རྒན་ ༡༧༠ ཙམ་དང་། སློབ་ཕྲུག་ ༡༢༥༠ ཙམ། དེ་བཞིན་མང་ཚོགས་བཅས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་གནང་ཡོད་པ་དང་། བལ་ཡུལ་རྒྱལ་ས་དང་པཱོཁ་ར་ཁུལ་གྱི་གོ་རྟོགས་ལས་རིམ་དེ་དག་ལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་ནས་སྐབས་ཐོབ་འབྲེལ་མཐུད་གནང་ཡོད།
དེའི་རྗེས་ཟླ་ ༧ ཚེས་ ༢ ནས་ ༩ བར་རྒྱུས་སྟོན་པ་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་སློབ་གྲྭ་དང་གྲོང་སྡེ་སོ་སོར་ཕེབས་ནས་སློབ་ཕྲུག་ ༧༠༠ ཙམ་དང་། དགེ་རྒན་ ༡༣༣། མི་མང་ ༧༠༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་གནང་ཡོད་པ་དང་། ས་གནས་སུ་ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ལྷུན་གྲུབ་རྣམ་རྒྱལ་ལགས་ནས་འབྲེལ་མཐུད་ཕྱག་རོགས་གནང་ཡོད།
དེ་ནས་ཟླ་ ༧ ཚེས་ ༡༣ ནས་ ༣༠ བར་དྷེ་ར་དཱུན་གཡས་གཡོན་གྱི་ས་ཁུལ་ཁག་སྤོན་ཊ་དང་། པུ་རུ་ཝ་ལ། དོན་གྲུབ་གླིང་། སེ་ལ་ཀུའེ། བདེ་སྐྱིད་གླིང་། ཚེ་རིང་དོན་ལྡན་གླིང་། མ་སུ་རི། རཇ་པུར། ལ་ཁན་ཝ་ལ་འདོད་རྒུ་གཡུ་རྒྱལ་གླིང་བཅས་ས་གནས་ཁག་དགུར་ཁྱོན་སློབ་ཕྲུག་ ༢༠༨༠ དང་། དགེ་རྒན་ལས་བྱེད་ ༤༤༦ ཙམ་དང་། མི་མང་ ༡༡༠༠ ལྷག་ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་གནང་ཡོད།
ད་རེས་ཤེས་རིག་ལས་ཁུངས་ཀྱི་ལས་གཞི་འདིའི་ཐོག་ས་གནས་འགོ་འཛིན་དང་། སློབ་སྤྱི། དགེ་ཆེ། དགེ་རྒན་ལས་བྱེད། སློབ་ཕྲུག་མང་ཚོགས་བཅས་ནས་དགའ་མོས་ཆེན་པོས་བསྔགས་བརྗོད་གནང་བ་མ་ཟད། དགེ་བཤེས་ལགས་དང་ཤེས་རིག་ལས་ཁུངས་ལ་ཐུགས་རྗེ་ཆེ་གསུངས་ཡོད།
རྒྱུས་སྟོན་པའི་གསུང་བཤད་གྲུབ་པའི་རྗེས་སུ་དགེ་བཤེས་ལགས་ལ་བཀའ་འདྲི་ཞུ་མཁན་གྱི་སློབ་ཕྲུག་མང་བ་མ་ཟད། ཤག་ལ་ཕེབས་ནས་བཀའ་འདྲི་ཞུ་མཁན་དང་། ཞལ་པར་འབུལ་མཁན། སློབ་ཕྲུག་དཔེ་མཛོད་ལ་ཕེབས་ནས་བརྗོད་གཞི་འདི་དག་དང་འབྲེལ་བའི་ཐོག་དཔེ་དེབ་དང་རྒྱུ་ཆ་གང་ཡོད་རྩད་གཅོད་གནང་མཁན་ཇེ་མང་བྱུང་ཡོད།
རྒྱུས་སྟོན་པས་ཟླ་ ༧ ཚེས་ ༡༥ ཉིན་པུ་རུ་ཝ་ལ་ས་གནས་སུ་གོ་རྟོགས་ལས་རིམ་གྱི་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་འཕར་འགྱངས་ཐོག་ཆུ་ཚོད་གསུམ་གནང་ཡོད་ལ། དེར་ཕེབས་མི་མང་ནས་གསུང་བཤད་གང་ལེགས་བྱུང་སོང་བའི་བསྔགས་བརྗོད་དང་སྦྲགས། གཞོན་སྐྱེས་མང་ཙམ་ཕེབས་ཐུབ་ཚེ་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་ངེས་ཀྱང་། གཞོན་སྐྱེས་མང་ཆེ་བ་ལས་ཀའི་རྐྱེན་གྱིས་དེ་གར་ཕེབས་མ་ཐུབ་པར་བློ་ཕམ་ཡོད་གསུངས་སོང་བར། དེ་ཉིན་དགོང་མོར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མཐའ་མར་ས་གནས་ཀྱི་གཞོན་སྐྱེས་མང་ཆེ་བ་ས་ཆ་གཅིག་ཏུ་འཛོམ་གྱི་ཡོད་པ་དང་བསྟུན། དགེ་བཤེས་ལགས་ལ་གཞོན་སྐྱེས་ཚོར་ཡང་བསྐྱར་གསུང་བཤད་གཅིག་གནང་ཐུབ་ན་ཡག་པོ་ཡོད་སྐོར་གསུངས་པ་བཞིན། དགེ་བཤེས་ལགས་ནས་དེ་གར་བཅར་ནས་གསུང་བཤད་དང་དྲི་བ་དྲིས་ལན་གང་ལེགས་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་ཟླ་ ༧ ཚེས་ ༢༤ ཉིན་རྒྱུས་སྟོན་པ་མ་སུ་རི་གཏན་སློབ་ཏུ་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་སློབ་ཕྲུག་དང་དགེ་ལས་ཚོར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
དེ་ཡང་ཐོག་མའི་འཆར་གཞི་ལྟར་ན། ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་མཇུག་བསྒྲིལ་དགོས་ཀྱང་ཐུགས་སྣང་ཆེན་པོས་དོགས་འདྲི་ཞུ་མཁན་མང་བས། ཉིན་རྒྱབ་ཚོུད་ ༡།༣༠ བར་དུ་འགོར་ཡོད། དེ་ནས་དགེ་བཤེས་ལགས་ཚོུད་ ༡།༣༠ ཐོག་མ་སུ་རི་བོད་ཁྱིམ་དུ་དུས་ཚོད་གཏན་འབེབས་ཡིན་པར་སོང་དྲི་བ་དྲིས་ལན་དེ་ཉིད་མཇུག་མ་སྒྲིལ་ཀ་མེད་ཆགས་ཡོད། དེ་བཞིན་མ་སུ་རི་བོད་ཁྱིམ་དུའང་ཚོུད་ ༡།༣༠ ནས་ ༤།༠༠ བར་མུ་མཐུད་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད།
ད་རེས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གོ་རྟོགས་ལས་རིམ་གཉིས་པ་དང་གསུམ་པ་ལའང་ལས་རིམ་དང་པོ་ལྟར་མང་ཚོགས་ནས་དགའ་མོས་དང་བསྔགས་བརྗོད་མི་ཉུང་བ་གནང་ཡོད་པ་མ་ཟད། ལས་གཞི་འདི་ལྟ་བུ་མ་འོངས་པར་གང་མང་སྤེལ་རྒྱུའི་རེ་སྐུལ་ཡང་གནང་ཡོད། གོ་རྟོགས་ལས་རིམ་བཞི་པ་བདུན་ཕྲག་གཉིས་ཀྱི་རྗེས་སུ་རྒྱ་གར་དབུས་ཕྱོགས་སུ་ཡོད་པའི་བོད་པའི་སློབ་གྲྭ་དང་མང་ཚོགས་ལ་གནང་རྒྱུ་གཏན་འཁེལ་ཟིན་ཡོད།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གོ་རྟོགས་ལས་རིམ་འདི་གཉིས་ལ་ཕ་རན་སིའི་རོགས་ཚོགས་ Fonds De Dotation Mon Kontan Ou, France ཞེས་པ་ནས་དཔལ་འབྱོར་མཐུན་འགྱུར་གནང་ཡོད། །