ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་གའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༢༡ ནས་ ༢༤ བར་ལ་དྭགས་ཟངས་དཀར་ཁུལ་དུ་ཕྱི་ནང་གཉིས་ཀྱི་སེར་སྐྱ་མང་ཚོགས་རྣམས་ལ་དུས་བསྟུན་ལམ་སྟོན་བཀའ་སློབ་སྩལ་བ་དང་། ལྷག་པར་ནང་པའི་དད་ལྡན་རྣམས་གཙོ་བོར་གྱུར་བའི་ཕྱི་རྒྱལ་མི་རིགས་ཁག་གཅིག་ལ་ལམ་རིམ་བསྡུས་དོན་དང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་། དེ་བཞིན་སློབ་ཕྲུག་རྣམས་ལ་གང་བློ་མའི་ལྗགས་ལུང་སྩལ་རྗེས་ཟངས་དཀར་དགོན་ཁག་བརྒྱད་དང་སེར་སྐྱ་མང་ཚོགས་ཐུན་མོང་ནས་མགོན་པོ་གང་ཉིད་མཆོག་བསྟན་འགྲོའི་ཕན་བདེའི་སླད་༸སྐུ་ཚེ་ཡུན་རིང་བརྟན་པའི་བརྟན་བཞུགས་འབུལ་ལམ་ཞུས་པ་སོགས་རླབས་ཆེན་གྱི་མཛད་འཕྲིན་རྣམས་རེ་ཞིག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༢ ཙམ་ལ་ཇམ་མུ་ཀ་ཤི་མིར་མངའ་སྡེའི་ཀར་གྷིལ་རྫོང་ Kargil དུ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ Member of Jammu and Kashmir Legislative Council སྐུ་ཞབས་ཨི་ནཱ་ཡ་ཏི་ཨ་ལི་ Haji Inayat Ali མཆོག་གིས་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཐད་འཕུར་གནམ་གྲུ་བརྒྱུད་ཀར་གྷིལ་གྲོང་ཁྱེར་གྱི་ཧུ་སེནི་པཱག་ Hussaini Park ཞེས་པའི་ཐང་ཆེན་དུ་༸ཞབས་སོར་བདེ་བར་འཁོད་སྐབས། ཕྱི་ནང་མང་ཚོགས་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་དེ་བཀའ་སློབ་སྩལ་དོན། མཛའ་བརྩེ་ལྡན་པའི་སྤུན་མཆེད་ཕོ་མོ་ལྷན་རྒྱས། ངོས་ཀྱིས་ནམ་རྒྱུན་གཏམ་བཤད་བྱེད་སྐབས་སྤུན་མཆེད་ཕོ་མོ། ཞེས་འབོད་བཞིན་ཡོད། སྤྱིར་སྟངས་བྱས་ན་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་པ་རྣམས་སྤུན་མཆེད་ལྟ་བུ་རེད། ང་ཚོ་ཚང་མ་ཐོག་མར་མའི་མངལ་ནས་བཙའ་སྟངས་དང་མཐར་འཆི་འགྲོ་སྐབས་སུའང་གནས་སྟངས་གཅིག་མཚུངས་རེད།
ལྷག་པར་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་མི་གཅིག་གྱུར་རེད། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། དེར་བརྟེན་འགྲོ་བ་མི་གྲངས་དུང་ཕྱུར་བདུན་ཅུ་ཡོད་པ་རྣམས་ལ་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་གཅིག་གི་ཆ་ཤས་ཡིན་སྟབས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
གང་ཡིན་བརྗོད་ན་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་ཡང་རིམ་པ་གཉིས་པའི་ཐོག་ནས་ང་ཚོ་ཕན་ཚུན་ཕྲན་བུ་མི་འདྲ་བ་ཡོད་པ་དེའི་ཐོག་ནས་མཚམས་རེ་རྙོག་གྲ་ཡོང་བཞིན་ཡོད། དཔེར་ན་རྒྱལ་ཁབ་དང་ཆོས་ལུགས། དེ་བཞིན་ཤ་མདོག་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་མི་འདྲ་བའི་ལྟ་ཚུལ། ཆོས་ལུགས་མི་འདྲ་བར་མཚོན་ན་ཇུ་དོ་ཁིར་ཤེན་ Judeo Christian ཡིན་པ་དང་། ཁ་ཆེ། ཛོ་ར་ཨས་ཊིན་ Zoroastrian ཆོས་ལུགས། དེ་བཞིན་རྒྱ་གར་གནའ་རབས་ཀྱི་ཆོས་བརྒྱུད་ལོ་ངོ་སྟོང་གསུམ་ཙམ་རིང་ནས་དར་བའི་གྲངས་ཅན་པ་དང་། ལོ་ངོ་ཉིས་སྟོང་བདུན་བརྒྱ་ཙམ་སོང་བའི་གཅེར་བུ་པའི་ཆོས་བརྒྱུད། དེ་ནས་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ཙམ་སོང་བའི་ནང་པ་སངས་རྒྱས་པའི་ཆོས་ལུགས། དུས་ཕྱིས་སུ་རྒྱ་གར་ཡུལ་འདིར་བྱུང་བ་སིག་ Sikh ཆོས་བརྒྱུད། ཆོས་ལུགས་མི་འདྲ་བ་དུ་མ་ཡོད་པ་དངོས་ཡོད་རེད། མཚམས་རེ་ང་ཚོས་ཕན་ཚུན་རིམ་པ་གཉིས་པའི་གནས་སྟངས་འོག་ནས་ཕྲན་བུ་མི་མཐུན་པ་ཡོད་པ་དེར་གཙིགས་ཆེར་འཛིན་བཞིན་ཡོད།
ད་ལྟའི་འཛམ་གླིང་གནས་སྟངས་འོག་ནས་བརྗོད་ན་ཞི་བདེའི་དགོས་མཁོ་ཧ་ཅང་ཡོད། འོན་ཀྱང་རང་བྱུང་གོད་ཆག་སོགས་ཀྱི་དཀའ་ངལ་ཡོད་བཞིན་དུ་དེའི་ཁར་ང་རང་ཚོས་ཆེད་མངགས་དཀའ་ངལ་འཕར་མ་བཟོ་བཞིན་ཡོད། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོས་བཟོས་པའི་དཀའ་ངལ་ཆགས་ཡོད། དེ་ནི་ང་ཚོས་རིམ་པ་གཉིས་པའི་གནས་སྟངས་དེར་ཧ་ཅང་གཙིགས་ཆེར་འཛིན་བཞིན་པ་དེའི་ཐོག་ནས་དཀའ་ངལ་འཕྲད་བཞིན་ཡོད།
ད་ཆ་མིས་བཟོས་པའི་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཐབས་ལམ་གང་ཡོད་བརྗོད་ན་རིམ་པ་གཉིས་པའི་གནས་སྟངས་འོག་ནས་དེང་སྐབས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད་སྟབས། ང་ཚོས་གཞི་རིམ་གྱི་རིམ་པ་དང་པོའི་གནས་སྟངས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེའི་འོག་ནས་རིམ་པ་གཉིས་པར་བརྟེན་པའི་དཀའ་ངལ་དེ་དག་སེལ་ཐུབ། དེར་བརྟེན་ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་གཞི་རྩའི་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད། ཅེས་གཙོ་འདོན་བྱེད་བཞིན་ཡོད།
གོང་དུ་བརྗོད་པ་ལྟར་རིམ་པ་གཉིས་པའི་གནས་སྟངས་འོག་ནས་ཆོས་ལུགས་མི་འདྲ་བ་ཡོད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཕན་ཚུན་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་ཆོས་ལུགས་ཚང་མས་ཞལ་གཅིག་གྲགས་ཐོག་ནས་བྱམས་པ་དང་བརྩེ་བ། བཟོད་བསྲན། ཆོག་ཤེས། རང་ཁྲིམས་སྲུང་རྒྱུ་སོགས་བསླབ་བྱ་ཡོད་པ་མཚུངས་པ་རེད། དེར་བརྟེན་ཆོས་ལུགས་གཙོ་ཆེ་བ་ཚང་མར་མི་ཞི་བདེ་བག་ལྡན་པ་ཞིག་བཟོ་རྒྱུའི་ནུས་པ་ཡོད་པ་མ་ཟད། མི་སྒེར་ཞི་བདེ་བག་ཕེབས་བྱུང་ན་ཁྱིམ་ཚང་ཞི་བདེ་བག་ཕེབས་ལྡན་པ་ཡོང་ཐུབ།
དེ་བྱུང་ན་སྤྱི་ཚོགས་ཁྱོན་ཡོངས་ནང་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་སྐྲུན་ཐུབ་རྒྱུའི་ནུས་པ་ཏན་ཏན་ཡོད། ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དངོས་ཡོད་རེད་ལ་དགོས་མཁོ་ཅན་ཞིག་ཀྱང་རེད། འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ཆོས་དད་མེད་མཁན་མི་གྲངས་ཐེར་འབུམ་གཅིག་ཙམ་ཡོད། ཆོས་ཁས་ལེན་བྱེད་མཁན་མི་གྲངས་ཐེར་འབུམ་གཅིག་ཡོད་ཁོངས་ནས་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་མ་ཟད། རིག་གཞུང་དང་གོམས་གཤིས་སོགས་མི་འདྲ་བ་ཡོད། དེར་བརྟེན་ང་ཚོར་ལྟ་གྲུབ་མི་འདྲ་བའི་དགོས་མཁོ་ཡོད་པ་ཞིག་རེད།
ལྟ་གྲུབ་མི་འདྲ་བ་ཡོད་པ་དེས་ལངས་ཕྱོགས་མི་འདྲ་བ་ཡོད་པ་བསྟན། རྩ་བའི་མི་བྱམས་བརྩེ་ལྡན་པ་ཞིག་ཡོང་བ་བྱ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡིན། དཔེར་ན་སྨན་དང་མཚུངས་པར་སྨན་གཅིག་ཡར་ལེན་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཐབས་རྩ་བ་ནས་མེད། སྨན་ཡག་མི་ཡག་ནད་པའི་ལུས་པོའི་གནས་བབ་དང་ནད་ཀྱི་རང་བཞིན་སོགས་ལ་དཔྱད་པ་བྱས་མཐར་ནད་པ་བྱེ་བྲག་པ་འདི་ལ་སྨན་འདི་མཆོག་རེད། ཅེས་བརྗོད་ཆོག
ཕྱོགས་མཚུངས་མིའི་ཁམས་དང་བསམ་པ། མོས་པ་མི་འདྲ་བ་ཡོད་པ་དེ་དག་ལ་རང་རང་སོ་སོའི་ཁམས་དང་མོས་པར་གཞིགས་པའི་ལངས་ཕྱོགས་མི་འདྲ་བ་དགོས། དེར་བརྟེན་ལོ་ངོ་བཞི་སྟོང་ཙམ་གྱི་རིང་ཆོས་ལུགས་མི་འདྲ་བ་དེ་དག་བྱུང་བ་རེད། དེང་སྐབས་འཛམ་གླིང་ནང་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་མི་ཕན་ཚུན་མི་མཐུན་པར་དབྱེ་འབྱེད་བྱས་པ་དང་། སྟབས་ངན་ན་ཕན་ཚུན་གསོད་རེས་བྱས་པའི་གནས་ཚུལ་ཡོང་བཞིན་པ་ནི་དཔེར་ན། སི་རི་ཡ་ Syria དང་ཨབ་གྷ་ནི་སི་ཐན་ Afghanisthan ནང་འབྱུང་བཞིན་པའི་གནས་སྟངས་དེ་དག་འཇིགས་སུ་རུང་བ་རེད།
ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་པ་དང་བརྩེ་བ་སོགས་བཟང་པོའི་བསླབ་བྱ་གཅིག་མཚུངས་སུ་སྤེལ་བཞིན་ཡོད་ཀྱང་ཆོས་ལུགས་མིང་འདྲ་མིན་འོག་ནས་ཕན་ཚུན་གསོད་རེས་བྱས་ཟེར་བ་ནི་ཧ་ཅང་ཐབས་སྡུག་དང་འཇིགས་སུ་རུང་བ་རེད། དེར་བརྟེན་ང་ཚོས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཆེད་འབད་བརྩོན་བྱེད་དགོས། དེ་འདྲ་ཡོང་ཐུབ་རྒྱུ་རེད་དམ་མ་རེད། ཅེས་པ་འདི་དྲི་བ་ཆེན་པོ་ཞིག་རེད། སྲིད་པ་ཞིག་ཏན་ཏན་རེད། རྒྱ་གར་དཔེ་མཚོན་ཞིག་ཡིན། རྒྱ་གར་ནང་མཚོན་ན་ལོ་ངོ་སྟོང་གཉིས་ཙམ་རིང་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་འཆམ་མཐུན་ངང་འདིར་གནས་བཞིན་ཡོད།
འདིར་ཁ་ཆེའི་སྤུན་མཆེད་ཕོ་མོ་ཧ་ཅང་མང་པོ་འདུག ངོས་ཀྱི་བསམ་པར་ཁ་ཆེ་མང་ཤོས་རྒྱ་གར་ནང་ཡོད་འདུག འོན་ཀྱང་ཆོས་ལུགས་གཞན་དང་ལྷན་འཆམ་མཐུན་ངང་མཉམ་གནས་བྱེད་བཞིན་ཡོད། སྐབས་རེ་རྙོག་གྲ་ཕྲན་བུ་ཡོང་བཞིན་ཡོད་པ་ནི་ཆོད་ཉིད་རེད། དེ་དག་ཀྱང་གཙོ་ཆེར་ཆབ་སྲིད་མི་སྣ་ཚོས་ཆབ་སྲིད་ཀྱི་ཁེ་ཕན་ལ་བསམ་བློ་བཏང་ནས་རྙོག་གྲ་ཡོང་བཞིན་ཡོད། སྤྱི་ཡོངས་ཀྱི་ཆ་ནས་རྒྱ་གར་ཡུལ་འདིའི་ནང་ལོ་ངོ་སྟོང་གསུམ་ཙམ་རིང་ཆོས་ལུགས་མཐུན་སྒྲིལ་ཧ་ལས་པ་རེད།
དེང་སྐབས་རྒྱ་གར་དེང་རབས་ཅན་གྱི་སྤྱི་ཚོགས་འདིའི་ནང་དུའང་ཆོས་ལུགས་མཐུན་སྒྲིལ་ཡག་ཐག་ཆོད་རེད། རྒྱ་གར་ནང་ཁ་ཆེའི་ཆོས་ལུགས་ཤི་ཡ་ Shia དང་སུན་ནི་ Sunni གཉིས་དབར་འཁྲུག་རྩོད་བྱུང་བའི་སྐད་ཆ་ནམ་ཡང་གོ་མྱོང་མེད། དཀའ་ངལ་རྩ་བ་ནས་མེད། འོན་ཀྱང་རྒྱལ་ཁབ་འགའ་ཤས་ནང་ཤི་ཡ་ Shia དང་སུན་ནི་ Sunni གཉིས་དབར་འཁྲུག་རྩོད་བྱེད་བཞིན་ཡོད། ཅེས་བཀའ་སློབ་སྩལ་རྗེས་ཁོར་ཡུག་སྲུང་སྐྱོབ་གལ་ཆེ་ཡིན་པ་དང་། ལྷག་པར་དེང་སྐབས་གོ་ལའི་ཚ་དྲོད་མྱུར་ཚད་ཆེན་པོའི་ཐོག་འགྲོ་བཞིན་པའི་དུས་སྐབས་འདིར་ཀར་གྷིལ་ལྟ་བུའི་ནང་འབྱུང་འགྱུར་ལོ་ངོ་སུམ་ཅུ་བཞི་བཅུའི་ནང་ཆུའི་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ་གཟིགས་ཚུལ་སྐོར་བཀའ་སློབ་སྩལ།
དེ་རྗེས་གཞོན་སྐྱེས་ཚོར་གཟིགས་ནས་ཤེས་ཡོན་གྱི་གལ་གནད་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་རང་བཙན་ཐོབ་རྗེས་ཤེས་ཡོན་གྱི་མཐུན་རྐྱེན་ཐོག་ཡར་རྒྱས་ཧ་ཅང་ཕྱིན་ཡོད། གཞུང་གི་ལས་བྱེད་དང་ཆོས་ལུགས་དབུ་ཁྲིད། དེ་བཞིན་མི་རབས་རྒན་པ་ཚོས་གཞོན་སྐྱེས་ཚོའི་ཤེས་ཡོན་ཐོག་འགན་ཁུར་མང་ཙམ་བཞེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེང་དུས་ཤེས་ཡོན་ལམ་ལུགས་ཟེར་བ་འདི་གཙོ་བོ་ནུབ་ཕྱོགས་ནས་དར་བ་ཞིག་རེད། ཐོག་མར་ཨིན་ཇིས་རྒྱ་གར་ནང་གསར་གཏོད་བྱས་པ་ཞིག་རེད། ཤེས་ཡོན་ལམ་ལུགས་དེ་ནི་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་གྱི་རིན་ཐང་གཙིགས་ཆེར་འཛིན་པ་ལྟ་བུ་འདུག
དེ་ཙམ་གྱི་མི་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འདང་གི་མི་འདུག ཕྱི་དངོས་པོའི་མཐུན་རྐྱེན་དེ་དག་གཙོ་བོ་ལུས་པོའི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་མ་གཏོགས་བསམ་བློའི་འཕྲོད་བསྟེན་ལ་ཕན་ཐོགས་མེད། དེང་དུས་ཤེས་ཡོན་ལམ་ལུགས་ལ་མཚོན་ན་ཨ་རི་དང་ཡུ་རོབ་སོགས་ནང་ཡར་རྒྱས་ཧ་ཅང་ཚད་མཐོན་པོར་སོན་ཡོད། འོན་ཀྱང་རྙོག་གྲ་དང་གྲ་མ་འགྲིག་པ་ཧ་ཅང་མང་པོ་འདུག མིའི་བསམ་བློའི་ནང་ཁོང་ཁྲོ་དང་ཕྲག་དོག་སོགས་ཧ་ཅང་ཤུགས་ཆེན་པོ་འདུག
ངོས་ལ་ཨ་སྒོར་དུང་ཕྱུར་བདག་པོ་ཡིན་པའི་གྲོགས་པོ་མང་པོ་ཡོད། ཁོང་ཚོ་ཧ་ཅང་ཕྱུག་པོ་རེད། འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས་སེམས་ནང་དུས་རྟག་ཏུ་མ་སྐྱིད་པ་ཧ་ཅང་བྱས་ནས་སྡོད་ཀྱི་འདུག དེ་ལས་ལྡོག་སྟེ་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་ཡང་སེམས་པ་ཧ་ཅང་སྐྱིད་པོ་ཡོད་མཁན་དེ་འདྲ་ཡོད། དེར་བརྟེན་ཕྱི་དངོས་པོ་རྐྱང་རྐྱང་གིས་སེམས་ནང་ཞི་བདེ་སྐྲུན་མི་ཐུབ། བསམ་བློའི་ནང་ཞི་བདེ་ཡོང་བར་ཆོས་ལུགས་མི་འདྲ་བ་དེ་དག་གིས་ཕན་ཐོགས་བྱེད་ཐུབ།
ལྷག་པར་རྒྱ་གར་སྲོལ་རྒྱུན་ནས་དར་བའི་རིས་མེད་ཀྱི་ལྟ་ཚུལ་ལ་ཆོས་ལུགས་ཚང་མར་གུས་བརྩི་ཞུ་དགོས་པ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བཀུར་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད། རྒྱ་གར་གྱི་རྩ་ཁྲིམས་ལ་མཚོན་ནའང་རིས་མེད་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་རེད། རིས་མེད་ཀྱི་ལྟ་གྲུབ་དེའི་ཐོག་ནས་ཕྱི་དངོས་པོ་རྐྱང་པས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐུབ་རྒྱུ་མིན་པ་ར་སྤྲོད་གསལ་པོ་བྱེད་དགོས། རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་བྱེད་ལས། ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་པའི་སྐོར་ཧ་ཅང་ཕྱུག་པོ་ཡོད།
ང་ཚོས་ལེགས་བཤད་དེ་དག་ཤེས་ཡོན་གྱི་ངོ་བོར་བརྩིས་ནས་སློབ་ཚན་ནང་འཇོག་ཐུབ་པ་བྱེད་དགོས། དེང་སྐབས་ངོས་ཀྱིས་ལུས་པོའི་འཕྲོད་བསྟེན་གལ་ཆེ་ཡིན་པ་ལྟར་བསམ་བློའི་འཕྲོད་བསྟེན་ཡང་གལ་ཆེར་འཛིན་དགོས་པ་ཤོད་བཞིན་ཡོད། དེར་བརྟེན་ངོས་ཀྱི་འགན་ཁུར་མཐའ་མ་དེ་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་བསྐྱར་གསོ་བྱ་རྒྱུ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།