ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ ཉིན་ཐེ་ཝན་ཀོང་ཏཱ་དགོན་པའི་མཁན་པོ་ཅིང་ཞིན་ལགས་དགུང་གྲངས་ ༩༠ ལ་ཕེབས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་གནང་ཡོད།
དེ་ཡང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར་མཁན་པོ་ཅིང་ཞིན་ལགས་དགུང་གྲངས་ ༩༠ ཕེབས་པའི་སྐྱེས་སྐར་ཉིན་མོར་དགོན་པའི་དགེ་འདུན་གྱི་སྡེ་དང་། དད་ལྡན་རྗེས་འཇུག་པ་རྣམས་ཀྱིས་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་གོ་སྒྲིག་གནང་ཡོད་པའི་ཐོག་ཐེ་ཝན་ལྷོ་ཕྱོགས་གྲོང་ཁྱེར་གྱི་དཔོན་རིགས་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད།
༸གོང་ས་མཆོག་གིས་སྩལ་བའི་འཚམས་འཕྲིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྒྲོགས་སྦྱང་ཞུས་ཡོད། འཚམས་འཕྲིན་ནང་འཁོད་དོན། ངོས་ཀྱི་ཆོས་གྲོགས་ཐའེ་ཝན་གྱི་ནང་པའི་དགེ་སློང་གནས་བརྟན་ཅིང་ཞིན་ལགས་དགུང་ལོ་དགུ་བཅུར་ཕེབས་པར་མཛའ་བརྩེས་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ།
སླད་མར་ཡང་རྒྱལ་བསྟན་དར་ཞིང་འགྲོ་རྣམས་བདེ་བའི་སླད། སྐུ་ཚེ་ཡུན་རིང་དུ་བརྟན་པའི་རྟེན་འབྲེལ་དུ། ༸རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་བརྙན་བྱིན་ཅན་འདི་འབུལ་བ་དང་ཆབས་ཅིག དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག ། ཅེས་པའི་སྨོན་ཚིག་གི་དོན་ཇི་བཞིན་འགྲུབ་པར་ངོས་ནས་སྐྱབས་སྨོན་རྒྱུན་དུ་བྱེད། དུས་ཀུན་དགེ་བའི་སྨོན་ལམ་བཅས། ཤཀྱཱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༡༨ ལ།། ཞེས་སྩལ་ཡོད།
དེ་ཉིན་ཐེ་ཝན་སྐུ་ཚབ་དོན་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་དང་། ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་ལིའུ་ཅིང་ཁྲིན་ལགས་མཉམ་དུ་འཚམས་འདྲི་ཞུ་བར་བཅར་ཡོད།
མཁན་པོ་ཅིང་ཞིན་ལགས་ནི། ཐེ་ཝན་སྲིད་འཛིན་ལིའི་ཏེང་ཧུད་ལགས་ཀྱི་བཀའ་འབྲེལ་བཞིན། ཕྱི་ལོ་ ༡༩༩༧ ལོ་དང་། ༢༠༠༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་ཐོག་མར་གཞུང་འབྲེལ་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་གདན་ཞུ་དང་མཛད་རིམ་ཡོངས་རྫོགས་གོ་སྒྲིག་གནང་མཁན་ཞིག་ཡིན་པ་དང་། དུས་དེ་ནས་བཟུང་ཐེ་ཝན་གཞུང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཉིས་ཕྱི་གསལ་ནང་གསལ་གྱི་འབྲེལ་བ་བཙུགས་ཐུབ་པ་བྱུང་ཡོད་པ་མ་ཟད། མཁན་པོ་ཅིང་ཞིན་ནི་ད་བར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་སློབ་སྟོན་པའི་མཚན་བཞེས་གནང་གི་ཡོད་པ་རེད། །