ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་གྱི་རྒྱལ་ས་པ་དུམ་ཁུལ་དུ་རྟེན་གཞི་བྱས་པའི་ཨན་ཇུ་མན་མོ་ཡིན་ཨུལ་ཨི་སི་ལམ་ Anjumane Moen UL Islam ཞེས་པའི་ཁ་ཆེའི་སློབ་གྲྭས་ཇི་ལྟར་སྔོན་ནས་གདན་ཞུ་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་ཟངས་དཀར་ཁུལ་གྱི་ཁ་ཆེ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་གུ་ལམ་མེ་ཧེན་དི་ལགས་ཀྱིས་གཙོས་སློབ་གྲྭའི་འབྲེལ་ཡོད་དགེ་ལས་ཡོངས་ཀྱིས་ཁ་ཆེའི་སྲོལ་རྒྱུན་ལྟར་གྲལ་སྟར་སྒྲིག་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་ལས་རིམ་གཙོ་སྐྱོང་བའི་ཐོག་མར་ངོ་སྤྲོད་གནང་དོན། དེ་རིང་༸གོང་ས་ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ས་གནས་འདིར་ཆིབས་སྒྱུར་ཐེངས་བརྒྱད་པའི་སྐབས་འདིར་ང་ཚོས་དགའ་སེམས་འཁོལ་བའི་ངང་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། ༸སྐུ་ཉིད་མཆོག་གིས་དུས་རྟག་ཏུ་བྱམས་བརྩེ་ལྡན་པའི་ཐོག་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་སྐྲུན་དགོས་པའི་བཀའ་སློབ་ལམ་སྟོན་སྩོལ་བཞིན་པ་ལྟར། ང་ཚོ་འདིར་ཕྱོགས་གཉིས་ཀྱིས་བཀའ་སློབ་དེ་དག་སྙིང་བཅངས་ཐོག་ནས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་མདུན་སྤོ་བྱེད་བཞིན་ཡོད།
དེའི་ཐོག་ནས་ང་ཚོ་ཟངས་དཀར་ཁུལ་གྱི་ཁ་ཆེ་དང་ནང་པ་གཉིས་ཀྱིས་འཛམ་གླིང་ཕྱི་ལ་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་བཟང་པོ་ཞིག་སྐྲུན་ཐུབ་པ་བྱ་རྒྱུ་ཡིན། ཞེས་སོགས་ཀྱི་ངོ་སྤྲོད་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཡང་བསྐྱར་ཡོང་ཐུབ་པ་ཧ་ཅང་དགའ་པོ་བྱུང་། ངོས་རང་འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ཁྲོད་འགྲོ་བ་མི་ཞིག་ཡིན་བསམ་པའི་འདུ་ཤེས་འདི་འཛིན་ནས་འགྲོ་བཞིན་ཡོད།
མི་དུང་ཕྱུར་བདུན་ཅུ་དེ་དག་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་གཅིག་པ་རེད། ངོས་རང་འཛམ་གླིང་ཤར་ནུབ་གང་དུ་ཕྱིན་ཡང་མི་གཅིག་ལ་མིག་གསུམ་བྱས་པ་ནམ་ཡང་མཐོང་མྱོང་མེད། ཁྱེད་ཚོས་ངོས་ཀྱི་གདོང་ལ་ལྟ་སྐབས་མི་འདྲ་བ་འདུག་གམ། གང་ཡང་མེད། ཕྱོགས་མཚུངས་མིའི་བསམ་བློའི་འདུ་ཤེས་འཛིན་བཞིན་པ་དེའང་ང་ཚོ་ཚང་མ་གཅིག་པ་རེད། འདོད་ཆགས། ཞེ་སྡང་སོགས་ང་ཚོ་ཚང་མར་ཡོད་པ་གཅིག་མཚུངས་རེད།
གལ་ཆེ་ཤོས་ནི་ཚང་མས་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་འདོད་པ་དང་། སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད། ད་ཆ་ངོས་རང་ལོ་ནའི་བབ་ཀྱི་ཆ་ནས་མི་གང་ཙམ་རྒས་འཁོགས་རེད། ངོས་རང་ལོ་ན་བཅུ་དྲུག་ནས་མི་ཚེ་ཧྲིལ་པོའི་རིང་དཀའ་ངལ་དུ་མ་ཞིག་འཕྲད་བྱུང་། དུས་སྐབས་དེ་དག་རིང་སེམས་ཀྱི་ཞི་བདེ་དགོས་རྒྱུ་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཤེས་རྟོགས་ཐུབ་བྱུང་། དེར་བརྟེན་ང་ཚོས་སེམས་ནང་ཞི་བདེ་ཡར་རྒྱས་ཇི་འདྲ་གཏོང་དགོས་པའི་ཐད་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་འདུག
དེང་སྐབས་དུས་རབས་གསར་པའི་འཛམ་གླིང་ནང་གཙོ་བོ་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་གཙོ་འདོན་བྱས་ནས་འགྲོ་བཞིན་ཡོད། དེང་དུས་ཤེས་ཡོན་ལམ་ལུགས་ལ་མཚོན་ནའང་ཕྱི་དངོས་པོ་དཔལ་འབྱོར་འཛུགས་སྐྲུན་ཁོ་ནར་གཙིགས་ཆེར་འཛིན་ནས་འགྲོ་བཞིན་ཡོད། དེ་ཙམ་གྱིས་འདང་གི་མི་འདུག་བསམ་ངོས་ཀྱི་དྲན་བཞིན་འདུག དེང་དུས་ཤེས་ཡོན་ལམ་ལུགས་ནང་ང་ཚོས་བློའི་འགྲོ་སྟངས་ཐོག་དོ་སྣང་སྤྲོད་དགོས། དེར་བརྟེན་ངོས་ཀྱིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བསམ་བློའི་འཕྲོད་བསྟེན་ལའང་དོ་སྣང་ངེས་པར་དུ་བྱེད་དགོས་འདུག ཅེས་དེང་སྐབས་བརྗོད་བཞིན་ཡོད།
དེའང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་མི་དགོས་པར་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལམ་ལུགས་ནང་བློའི་འགྲོ་སྟངས་དང་རྣམ་རྟོག་གི་འགྲོ་སྟངས་ཐོག་གནས་ཚུལ་ཧ་ཅང་ཕྱུག་པོ་ཡོད། དཔེར་ན་སེམས་ནང་ཆགས་སྡང་སོགས་བློ་མ་རུང་པ་དེ་དག་སྐྱེ་སྐབས་དེ་དག་ལ་གཉེན་པོ་བསྟེན་ཕྱོགས་སོགས་ཞིབ་ཕྲ་ཡོད། རྒྱ་གར་ཡུལ་འདིར་མཚོན་ན་སྟོན་པ་ཤྱཱཀྱ་ཐུབ་པ་མ་བྱོན་གོང་ནས་ཞི་གནས་དང་ལྷག་མཐོང་གི་ཉམས་ལེན་ཡོད། ཞི་ལྷག་གཉིས་པོ་ནི་ཉོང་མོངས་ཀྱི་བློ་སྐྱེ་སྐབས་དེར་གཉེན་པོ་ཇི་ལྟར་བསྟེན་དགོས་པ་ལམ་སྟོན་བྱེད་བཞིན་ཡོད། དེར་བརྟེན་ཞི་ལྷག་སོགས་རྒྱ་གར་གནའ་རབས་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ལ་ཆོས་ལུགས་དང་མ་འབྲེལ་བའི་སློབ་ཚན་གྱི་ངོ་བོའི་ཐོག་ནས་ལྟ་དགོས།
རྒྱ་གར་གྱི་སྲོལ་རྒྱུན་ལམ་ལུགས་ནས་དར་བའི་རིས་མེད་ཀྱི་ལམ་སྲོལ་ཞིག་ཡོད། དེ་དག་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་སྲོལ་རྒྱུན་ལམ་ལུགས་ནང་རིས་མེད་བརྗོད་སྐབས་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུ་ལྟ་ཅི། ཆོས་ཁས་མི་ལེན་མཁན་ཚོ་ལའང་གུས་བརྩི་ཞུ་རྒྱུའི་ལམ་སྲོལ་ཞིག་ཡོད། རིས་མེད་ཀྱི་ལམ་སྲོལ་དེ་ཤེས་ཡོན་གྱི་ལམ་ལུགས་ཤིག་ལ་ངོས་འཛིན་བྱས་ནས་ང་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བློའི་རྣམ་གཞག་དང་བྱེད་ལས། རྣམ་རྟོག་འདྲ་མིན་ཡོད་པ་དེ་དག་ངོས་འཛིན་ཙམ་མ་ཟད། རྣམ་རྟོག་དེ་དག་ལ་གཉེན་པོ་བསྟེན་ཕྱོགས་སོགས་དེང་དུས་ཤེས་ཡོན་ལམ་ལུགས་ནང་ངེས་པར་དུ་འཇོག་ཐབས་བྱེད་དགོས།
ཆོས་ལུགས་སྐད་ཆ་གང་ཡང་མ་རེད། དེར་བརྟེན་རེ་བ་ཏན་ཏན་འདུག ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་བྱུང་བ་ལྟར་ན། འགྲོ་བ་མིའི་གཞི་རྩིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་བདེན་པའང་རེད། ཁྱེད་རང་ཚོ་འདིར་སློབ་ཕྲུག་ཆུང་ཆུང་ཚོས་ཕན་ཚུན་གཅིག་གིས་གཅིག་ལ་མཛའ་བརྩེའི་རྣམ་འགྱུར་ཐོག་ནས་ལྷན་དུ་རྩེད་མོ་རྩེད་ཐུབ་པ་བྱུང་ན་དེ་ཙམ་གྱི་ཆོག་པ་ལས་ཕྲུ་གུ་གཞན་དེའི་ནང་མིའི་གནས་སྟངས་གང་འདྲ་འདུག ཆོས་ལུགས་ཀྱི་གནས་སྟངས་གང་རེད། རྒྱལ་ཁབ་གང་ནས་ཡིན་པ་སོགས་ལ་བསམ་བློ་རྩ་བ་ནས་མ་བཏང་བར་གདོང་གི་རྣམ་འགྱུར་འཛུམ་བག་ལྡན་པ་མཐོང་མ་ཐག་ལམ་སང་རྩེད་དགར་རོལ་བཞིན་ཡོད། དེ་ནས་དངོས་ཡོད་གནས་ཚུལ་ལའང་ང་ཚོ་མའི་མངལ་ནས་སྐྱེས་མ་ཐག་མའི་བྱམས་སྐྱོང་འོག་འཚོ་དགོས། མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་ཐུབ་ཐབས་མེད། འདི་ནི་ང་ཚོ་འགྲོ་བ་མིའི་གཞི་རིམ་གྱི་རང་བཞིན་རེད། ཅེས་མགོན་པོ་གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་དང་པོའི་སྐོར་བཀའ་སློབ་སྩལ།
དེ་རྗེས་ཐུགས་སྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། ངོས་ཀྱི་ལས་འགན་གཉིས་པར་མཚོན་ན་ངོས་རང་ནང་པ་ཞིག་རེད། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་རེད། ངོས་རང་ལོ་ན་བདུན་བརྒྱད་ཙམ་ནས་ནཱ་ལེནྡྲའི་མཁས་པའི་གཞུང་དེ་དག་བློར་འཛིན་ནས་སློབ་སྦྱོང་བྱས་པ་ཡིན། སློབ་སྦྱོང་བྱེད་སྐབས་སུའང་རིགས་ལམ་ཐོག་ནས་བརྟག་དཔྱད་བྱས་པ་རེད། དེར་བརྟེན་བརྟག་དཔྱད་བྱས་ནས་སློབ་སྦྱོང་བྱེད་སྐབས་གཞན་ལུགས་དགག་པ། རང་ལུགས་བཞག་པ། དེར་རྩོད་པ་སྤོང་བ། ཞེས་རིག་པའི་ལམ་ནས་བརྟག་དཔྱད་བྱ་རྒྱུ་ཞིག་ཡོད། ངོས་རང་ཆུང་དུས་ལེ་ལོ་ཆེན་པོ་ཡོད། དོ་སྣང་དེ་ཙམ་མེད་སྟབས་ཡོངས་འཛིན་རིན་པོ་ཆེས་རྟ་ལྕག་གཅིག་ཉར་ནས་བཞུགས་ཀྱི་རེད། དེར་བརྟེན་ངོས་ཀྱིས་འཇིགས་སྣང་འོག་ནས་དཔེ་ཆ་བསླབས་པ་རེད་མ་གཏོགས་དང་འདོད་བྱས་ནས་བསླབ་མེད།
རིམ་བཞིན་གཞུང་དེ་དག་གིས་ངོས་ཀྱི་སེམས་ལ་ཧ་ཅང་ཕན་ཐོགས་བྱུང་འདུག རྒྱ་གར་འཕགས་པའི་ཡུལ་འདིར་རྒྱ་གར་རང་ནས་བྱུང་བའི་གྲངས་ཅན་པ་དང་གྲངས་ཅན་ལས་རྒྱས་པའི་ཧིན་དུའི་ཆོས་ལུགས་མི་འདྲ་བ་མང་པོ་ཡོད། དེ་ནས་གཅེར་བུ་བ་དང་སངས་རྒྱས་པ་དེ་དག་རྒྱ་གར་རང་ནས་བྱུང་བ་རེད། དེ་ནས་འཛམ་གླིང་ཕྱི་ནས་ཡེ་ཤུ་དང་ཇིའུ། ཁ་ཆེ་སོགས་དར་ནས་ཧ་ལམ་ལོ་ངོ་སྟོང་ཕྲག་རིང་ལ་རྒྱ་གར་འཕགས་པའི་ཡུལ་འདི་འཛམ་གླིང་ཆོས་ལུགས་གཙོ་ཆེ་བ་ཚང་མ་མཉམ་དུ་ཡོད་མཁན་ལུང་པ་ཞིག་ཆགས་ཡོད། རྒྱ་གར་གྱི་གཟི་བརྗིད་གཅིག་ཆོས་ལུགས་དེ་དག་ཚང་མ་ལྷན་དུ་འཆམ་མཐུན་ངང་འཚོ་བཞིན་ཡོད།
མཁས་པའི་དབང་པོས་ལྟ་གྲུབ་དེ་འདྲའི་ཐོག་ལ་རྩོད་པ་རྩོད་རྒྱུ་ནི་ནང་པ་ནང་ཚགས་རང་གི་ནང་དུ་ཡིན་ནའང་ལྟ་གྲུབ་ཀྱི་རྩོད་པ་རྩོད་རྒྱུ་ཡོང་བཞིན་ཡོད། གཞན་སྤྱི་ཡོངས་ཆ་ནས་གང་ལྟར་མཐུན་སྒྲིལ་ཧ་ལས་པ་རེད་འདུག ཆོས་ལུགས་ཕན་ཚུན་གཅིག་གིས་གཅིག་ལ་བརྩི་བཀུར་བྱས་ནས་ཧ་ལས་པ་རེད། འདི་རྒྱ་གར་གྱི་གཟི་བརྗིད་རེད། ངོས་ཀྱི་རྟག་ཏུ་དེ་བརྗོད་བཞིན་ཡོད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ན་རྒྱ་གར་འདི་འཛམ་བུ་གླིང་མིག་དཔེ་ཞིག་ཏུ་གྱུར་ཡོད། འཛམ་གླིང་ལུང་པ་འགའ་ཤས་ནང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱབ། གསོད་རས་བཏང་བ་སོགས་བྱེད་བཞིན་པའི་དུས་སྐབས་འདིར་རྒྱ་གར་འཕགས་པའི་ཡུལ་དུ་ལོ་ངོ་སྟོང་ཕྲག་རིང་ལ་ཆོས་ལུགས་མཐུན་སྒྲིལ་བྱས་ནས་སྡོད་རྒྱུ་འདི་ཧ་ཅང་མིག་དཔེ་བཟང་པོ་སྟོན་ཐུབ་པར་བརྟེན་ཧ་ཅང་གལ་ཆེན་པོ་རེད་འདུག
གླེ་རུ་ཡིན་ནའང་ཁ་ཆེའི་ཆོས་པ་ཚོ་དང་ནང་པའི་ཆོས་པ་ཚོའི་དབར་སྐབས་རེ་དཀའ་ངལ་ཏོག་ཙམ་འཕྲད་བཞིན་ཡོད། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ཡག་པོ་རེད། ཕྱོགས་མཚུངས་ཟངས་དཀར་ཁུལ་དུ་མཚོན་ནའང་སྐབས་རེ་དཀའ་ངལ་ཏོག་ཙམ་འཕྲད་བཞིན་ཡོད། འོན་ཀྱང་སྤྱི་ཡོངས་ཆ་ནས་སྤྱི་ཚོགས་གཅིག་ནང་གི་ཆ་ཤས་རེད། དེར་བརྟེན་ཆོས་དད་སོ་སོ་སྒེར་གྱི་གནས་ཚུལ་རེད། ཚང་མ་སྤྱི་ཚོགས་གཅིག་ནང་ཡོད་པ་འདི་ཁྱེད་ཚོས་ཤེས་དགོས།
དཔལ་འབྱོར་གྱིས་མཚོན་ལུང་པ་ཡར་རྒྱས་འགྲོ་རྒྱུ་མང་པོ་ཞིག་སྤྱི་ཚོགས་གཅིག་གྱུར་གྱི་ཐོག་ནས་འགྲོ་རྒྱུ་ཡིན་སྟབས། ཁྱེད་རང་ཚོ་མཐུན་པོ་འཆམ་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བར་སྐབས་ཟངས་དཀར་དུ་དཀའ་ངལ་ཕྲན་བུ་འཕྲད་པ་རེད། ཐེངས་འདིར་འབྲེལ་ཡོད་ཚོ་ཕན་ཚུན་ཐུག་ནས་སྐད་ཆ་བཤད། ཡིག་ཆ་བཞག་འདུག ཞི་བདེའི་ཚོགས་པ་ཞིག་ཀྱང་བཙུགས་འདུག ཧ་ཅང་ཡག་པོ་བྱུང་འདུག ཅེས་བཀའ་སློབ་སྩལ་རྗེས་ཁོར་ཡུག་སྲུང་སྐྱོབ་སྤྱི་དང་ལྷག་པར་ཟངས་དཀར་ཁུལ་དུ་ཤིང་སྣ་འདེབས་འཛུགས་ཀྱིས་མཚོན་ཁོར་ཡུག་བདག་གཅེས་དགོས་གལ་སྐོར་བཀའ་སློབ་སྩལ་བསྟུན། མགོན་པོ་མཆོག་སྡིངས་ཆའི་ཐོག་ནས་འོག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཚོ་དང་ལྷན་སྐུ་པར་ལྷན་སྒྲོན་མཛད་ཡོད་པ་བཅས། །