ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ཅོན་ཏ་རར་ནང་རྟེན་གཞི་བྱས་པའི་སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། སྨན་རྩིས་ཁང་གི་ངེས་སྟོན་པ་ཚེ་རིང་བཀྲ་ཤིས་ལགས། ༸སྐུའི་བླ་སྨན་སྨན་པ་ཚེ་དབང་རྟ་མགྲིན་ལགས། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས། སྦིར་སྡེ་དགེ་དང་བོད་ཚོགས། ནང་ཆེན་གསུམ་གྱི་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས་ཀྱིམ་ཚོགས་གཙོ།
རྫོང་གསར་བཤད་གྲྭ་དང་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་། དཔལ་འབྲི་གུང་བཀའ་བརྒྱུད་བུམ་མང་བྱམས་པ་གླིང་བཅས་ཀྱི་མཁན་པོ་དང་སྐུ་ཚབ་རྣམ་པ། ཅོན་ཏ་ར་བོད་ཁྱིམ་དང་སཾ་བྷོ་ཌའི་སློབ་སྤྱི། ཅོན་ཏ་ར་ནང་སྲིད་ལས་ཁུངས་ཀྱི་རྒས་གསོ་ཁང་གི་འགན་འཛིན། སྦིར་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། ཅོན་ཏ་ར་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་སོགས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་དར་མཚོན་གཅོད་འབྲེག་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་སྟེ་མཛད་སྒོ་དབུ་འཛུགས་གནང་།
དེ་ནས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་གསུང་འདོན་གྲུབ་མཚམས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྨན་རྩིས་ཁང་གི་མཐོ་སློབ་སློབ་མ་རྣམས་ནས་ཆོལ་གསུམ་འཁྲབ་གཞས་གཟིགས་འབུལ་ཞུས་གྲུབ་བསྟུན་སྨན་རྩིས་ཁང་གི་ངེས་སྟོན་པ ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་དོན། སྨན་རྩིས་ཁང་གི་པར་སྐྲུན་སྡེ་ཚན་ནི་ཕྱིའི་སྐད་ཡིག་ནང་ཡོད་པའི་སྨན་རྫས་རིག་པའི་ཤེས་བྱ་དང་ནང་དོན་རིག་པའི་ལྟ་གྲུབ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུས་སེམས་སྐོར་ལ་སྩལ་བའི་བཀའ་སློབ་དང་གསུང་རྩོམ་པར་སྐྲུན་མཁོ་སྒྲུབ་བཅས་བྱེད་སའི་སྡེ་ཚན་ཞིག་ཡིན། འདས་པའི་མི་ལོ་ ༦༠ ཙམ་གྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་ཡིན་ན། སྤྱིར་བོད་ཡིག་ཐོག་སྨན་རྫས་རིག་པའི་དཔེ་དེབ་མང་དག་ཅིག་པར་སྐྲུན་བྱས་ཡོད་ནའང་། དེ་དག་མངགས་ཉོ་གནང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་བོད་ཡིག་གི་ཁྱབ་རྒྱ་ཆུང་ཆུང་ཡིན་སྟབས། བོད་ཡིག་གིས་གཙོས་སྐད་ཡིག་གཞན་པའི་ཐོག་པར་སྐྲུན་བྱས་ཚེ་འཛམ་གླིང་གི་མི་རིགས་གཞན་ལ་ཕན་ཐོགས་ཡོད་པ་དང་། ལྷག་པར་སེམས་ཁམས་རིག་པའི་ཐོག་དམིགས་བསལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་དགོས་མཁོར་གཟིགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལུས་སེམས་སྐོར་སྩལ་བའི་བཀའ་སློབ་རྣམས་དེབ་ཆུང་བཟོས་ཏེ་རིམ་པའི་པར་སྐྲུན་བྱེད་འཆར་ཡོད། ཅེས་ཅོན་ཏ་ར་སྨན་རྩིས་ཁང་ཁྱོན་ཡོངས་དང་། ལྷག་པར་སྨན་རྩིས་ཁང་པར་སྐྲུན་སྡེ་ཚན་སོགས་ཀྱི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་འཚམས་འདྲི་དང་ལྷན་གསུང་བཤད་གནང་དོན། སྤྱིར་དེ་རིང་གི་མཛད་སྒོ་དང་གནད་དོན་ཐད་སྨན་རྩིས་ཁང་གི་འགན་འཛིན་གྱིས་ཞིབ་ཅིང་ཕྲ་བ་གསུང་གྲུབ་སྟབས། ངས་དམིགས་བསལ་ཞུ་དགོས་རྒྱུ་མི་འདུག འོན་ཀྱང་ཕྲན་རང་འདིར་སྐད་བཏང་སྟེ་རྣམ་པ་ཚོའི་མདུན་དུ་སྐད་ཆ་བཤད་དགོས་པའི་གནས་སྟངས་ཆགས་པར་བརྟེན་ངས་ཚིག་ཁ་ཤས་ཞུ་ན་དྲན་བྱུང་།
རྩ་བའི་བཙན་བྱོལ་ནང་སྒྲིག་འཛུགས་མང་དག་ཅིག་ཡོད་པའི་ནང་ནས་སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཕལ་ཆེར་སྒྲིག་འཛུགས་ཆེ་བའི་གྲས་ཤིག་རེད། སྒྲིག་འཛུགས་འདི་ལ་བརྟེན་ནས་སྤྱིར་གསོ་རིག་གི་གཞུང་དང་། སྤྱི་ཚོགས་ལ་ཕན་ཐོགས། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་པའི་ངོ་བོ་ཁྱབ་བསྒྲགས་འགྲོ་རྒྱུ་སོགས་གང་ས་ཅི་ཐད་ནས་སྨན་རྩིས་ཁང་དང་གསོ་རིག་བརྒྱུད་ནས་ཁེ་ཕན་ཆེན་པོ་ཞིག་བསྒྲུབས་པ་ཆགས་ཀྱི་ཡོད།
བརྒྱུད་རིམ་འདིའི་ནང་སྨན་རྩིས་ཁང་ཐོག་མ་གསར་བཙུགས་བྱས་པ་ནས་བཟུང་ད་བར་སྨན་རྩིས་ཁང་གི་ཡན་ལག་དང་སྨན་སྦྱོར་ཁང་སོགས་སྡེ་ཚན་ཁག་མང་པོ་ཞིག་ལོ་འདབས་རྒྱས་ནས་ཚང་མས་བསྔགས་བརྗོད་བྱེད་འོས་པ་ཞིག་དང་། ལྷག་པར་རྒྱ་གར་གཞུང་གི་ངོས་ནས་ཀྱང་ཡར་ལྟ་ས་ཤིག་ཆགས་ཡོད། དེ་ལྟར་ཆགས་ཐུབ་པ་ནི་གོང་རིམ་ནས་བཟུང་རིམ་པས་སྐུ་ལས་བསྐྱོན་པའི་ཁོངས་ནས་རིགས་གཅིག་ད་ཆ་བགྲེས་ཡོལ་ཕེབས་ཡོད། དེ་བཞིན་རིགས་གཅིག་ས་ཕྱོགས་མཐའ་ཁག་ཏུ་བཞུགས་ཡོད་པ་དེ་དག་ཚང་མས་སྐུ་ལས་བསྐྱོན་ཡོད།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་སྩལ་བ་དེ་དག་སྙིང་ལ་བཅངས་ནས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་བྱུང་ཡོད་སྟབས། དེ་རིང་དུས་ཚོད་འདིར་དེ་སྔ་སྐུ་བགྲེས་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པ་དེ་དག་རྗེས་དྲན་ཞུ་ན་སྙམ་པ་དྲན་བྱུང་། དེ་དང་མཉམ་དུ་སྒྲིག་འཛུགས་ཚགས་ཚུད་ཡོང་བར་མང་ཚོགས་ནས་དེ་ལ་རྒྱབ་སྐྱོར་དང་མཉམ་ཞུགས་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད། དེའི་དཔེ་མཚོན་གོང་དུ་སྨན་རྩིས་ཁང་གི་འགན་འཛིན་གྱི་གསུང་པ་ནང་བཞིན་རེད།
ཞིང་གཤེགས་དམ་པ་སྲས་དོན་ཡོད་ལགས་ཀྱིས་གཙོས་སྐབས་དེ་དུས་འགན་བཞེས་མཁན་རྣམ་པས་ཐུགས་ཁུར་ཆེ་བཞེས་ཀྱིས་ས་ཆ་འདི་དག་གུ་ཡངས་ཆེན་པོ་ཐོག་ནས་སྨན་རྩིས་ཁང་ལ་ཕུལ་བ་དང་། སྨན་རྩིས་ཁང་ནས་ས་ཆ་འདིའི་ཐོག་འཛུགས་སྐྲུན་གནང་ནས་དེ་རིང་པར་སྐྲུན་སྡེ་ཚན་གསར་བཙུགས་གནང་བར་གོ་སྐབས་འདི་བརྒྱུད་མཐུན་འགྱུར་དང་མཉམ་ཞུགས། དེ་བཞིན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་རྗེས་དྲན་དང་བསྔགས་བརྗོད་ཞུ་རྒྱུའི་དུས་ཚོད་ཆགས་ཀྱི་འདུག་དྲན་གྱི་འདུག
རྩ་བའི་ང་ཚོ་བཙན་བྱོལ་བའི་གནས་བབ་ཐོག་གནས་ཡོད་སྟབས། གནས་སྟངས་མང་པོ་ཞིག་གཞན་དབང་དང་བསྟུན་དགོས་ཀྱི་ཡོད་པ་དང་། གནས་སྟངས་མང་པོ་ཞིག་ས་གནས་གང་དུ་སྡོད་ཀྱི་ཡོད་པ་ཡུལ་དེའི་ཁྲིམས་སྲོལ་དང་འགྲོ་སྟངས་ལ་བལྟས་པའི་ཐོག་ནས་དེ་ལུགས་གནང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད།
ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་དངོས་སུ་དྲག་སྐྱེད་ཡག་པོ་མ་ཐུབ་པར་ལྷག་པའི་ནད་ནི་གློ་ནད་ཀྲི་སྦི་ཆགས་ཡོད། དེ་བཞིན་འདས་པའི་ལོ་ངོ་ ༡༠ ནང་ང་ཚོ་སེམས་འཚབ་ཆེན་པོ་བྱེད་དགོས་པ་ཞིག་ནི་མཆིན་པའི་གཉན་ཚད་ཀྱི་ནད་དེ་རེད། ནད་དེ་ཡིས་ང་ཚོ་མང་པོ་ཞིག་ལ་དཀའ་ངལ་བཟོ་བཞིན་ཡོད། མི་ཟེར་བ་དེ་གཟུགས་ཁམས་མ་བདེ་བ་ཡིན་ན། མ་འོངས་ལས་གཞི་བསམ་པ་ཙམ་ལས་གཟུགས་པོས་རོགས་པ་མ་བྱས་ན་འཆར་གཞི་དེ་དག་ལག་བསྟར་བྱེད་ཐུབ་ཀྱི་མ་རེད། ཕྲན་རང་འཕྲོད་བསྟེན་བཀའ་བློན་ཡིན་སྟབས་ཧམ་པ་ཆེ་དྲགས་ཀྱི་ཡོད་མེད་མི་ཤེས་ཏེ་འཕྲོད་བསྟེན་ནི་གལ་ཆེ་ཤོས་ཆགས་ཀྱི་ཡོད་འདུག
དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་ཆོས་ཕྱོགས་དང་། རིག་གཞུང་། ཤེས་བྱ་ཡོན་ཏན་གྱི་ཐོག་ནས་བཤད་པ་ཡིན་ནའང་། དགེ་བཤེས་ཐོན་རྗེས་རྒྱུད་གྲྭ་སྟོད་སྨད་འགྲིམ་ནས་མཁན་པོར་ཕེབས། མ་འོངས་པར་དགའ་ལྡན་ཁྲི་པའི་ཁྲི་ཐོག་ལ་ཕེབས་རྒྱུའི་ཁོངས་ཡོད་པའི་མཁས་དབང་དང་ནུས་པ་ཡོད་མཁན་ཚོའི་ནང་དུ་མཆིན་པའི་གཉན་ཚད་ཀྱི་འདས་གྲོངས་སུ་ཕྱིན་པ་དེ་འདྲ་བློ་འཚབ་བྱེད་རྒྱུའི་གནས་སྟངས་ཆགས་ཀྱི་འདུག ད་ལྟའི་ཆར་ང་ཚོའི་མི་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད། ད་ལྟ་ཡོད་བཞིན་པའི་གཞོན་སྐྱེས་ཀྱི་སྤུས་ཚད་ཡག་པོ་དགོས་རྒྱུ་གལ་ཆེན་པོ་མཐོང་བཞོན་འདུག དེར་བརྟེན་ལང་ཚོ་དར་བའི་འཕྲོད་བསྟེན་ཐོག་ཤུགས་རྒྱག་དགོས་པའི་གནས་སྟངས་ཆགས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྨན་རྩིས་ཁང་གི་སྔོ་སྨན་སྡེ་ཚན་དང་། སྨན་སྦྱོར་ཁང་སོགས་ལས་གཞི་ཁག་ལ་གཟིགས་ཞིབ་གནང་ཡོད་པ་བཅས།།