ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །འདི་གར་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཧོ་ལེནཌ་ཁུལ་གྱི་གཞུང་འབྲེལ་ལས་འཆར་ཁག་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ ཉིན་སི་པེན་རྒྱལ་ས་སྦར་སི་ལོ་ནའི་གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སི་པེན་བོད་རིགས་ཚོགས་པའི་ཚོགས་གཙོ་ཟླ་བ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ནས་སི་པེན་ཁུལ་གནས་སྡོད་བོད་མི་རྣམས་ཀྱི་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་དཀའ་སེལ་གནང་སླད་མི་མང་གི་བདེ་སྡུག་སྙན་གསན་ཞུས་ཁག་ལ་གསན་བཞེས་ཀྱིས་མི་མང་ཁག་གཅིག་གི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད།
ཕྱི་དྲོ་ཆུ་ཚོད་ ༦ ཐོག་སྦར་སི་ལོ་ནར་གནས་སྡོད་བོད་མི་རྣམས་ཚོགས་བསྐོང་གིས་བོད་རིགས་ཚོགས་པའི་ཚོགས་གཙོ་ཟླ་བ་ལགས་ཀྱིས་ས་གནས་ཀྱི་ལས་བསྡོམས་སྙན་གསན་ཞུས་རྗེས། བཀའ་བློན་མཆོག་གིས་མི་མང་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྙིང་བཅངས་ཀྱིས་དངོས་སུ་ལག་ལེན་ཐུབ་པ་དགོས་རྒྱུ་དང་། ཉེ་ཆར་མགོན་པོ་གང་ཉིད་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བཀའ་སློབ་སྩལ་བ་དེ་དག་ཚང་མས་སེམས་འཇགས་དགོས་པ་དང་། ཁོང་གི་སྐུ་དྲིན་ནམ་ཡང་མ་རྗེད་པར་ཡང་ཡང་དྲན་གསོ་ཞུ་རྒྱུ་གལ་ཆེ་ཡིན་སྐོར།
བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཐབས་ལ་དམིགས་ཏེ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྤྱི་ཡོངས་ཀྱི་འཆར་སྣང་དང་ད་ལྟ་འགྲོ་དང་འགྲོ་བཞིན་པའི་འཛིན་སྐྱོང་གི་ལས་དོན་གལ་ཆེ་ཁག་ངོ་སྤྲོད་གནང་ཡོད་པ་མ་ཟད། བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་མཐུན་སྒྲིལ། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བཅས་ལ་ཐུགས་སྣང་སྔར་ལྷག་ཆེ་བཞེས་དགོས་རྒྱུ་ནི་ཆབ་སྲིད་ཀྱི་གནད་འགག་ཡིན་པར་ཚང་མས་རང་དོན་རང་གཅེས་དགོས་རྒྱུ་གལ་ཆེའི་སྐོར། སྤྱི་ཚོགས་དྲ་ལམ་བདེ་སྤྱོད་ཚད་ལྡན་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་བཞིན་བོད་མི་ཚོས་དང་བླངས་དཔྱ་དངུལ་དུས་ཐོག་འབུལ་དགོས་པའི་དགོས་པ་དང་དམིགས་ཡུལ་བཅས་ཞིབ་ཕྲ་ངོ་སྤྲོད་དང་། ལྷག་པར་བོད་མི་ཡོངས་ལ་བཅའ་ཁྲིམས་ནས་བཀུར་བའི་ལས་འགན་སོགས་འབྲེལ་བརྗོད་མཐིལ་ཕྱིན་གནང་། དེ་རྗེས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུང་བཤད་གནང་། དེ་རྗེས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
ཚོགས་འདུ་གྲུབ་རྗེས་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩༌༣༠ བར་སི་པེན་ཁུལ་གྱི་བོད་མི་མང་ཚོགས་ཀྱི་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་ལས་དོན་ཁག་མཇུག་སྒྲིལ་ཐུབ་པ་བྱུང་ཡོད།
ད་རེས་དཔྱ་དངུལ་ལག་དེབ་དཀའ་སེལ་དང་འབྲེལ་བའི་ལས་འགུལ་འདིའི་ཆེད་དཔལ་འབྱོར་གྲངས་ཐོ་ཚན་པའི་འགན་འཛིན་སྐལ་བཟང་ཆོས་སྒྲོན་ལགས་དང་། སྦེལ་ཇམ་དོན་ཁང་གི་རྩིས་པ་བསྟན་འཛིན་ལེགས་བཤད་ལགས་ཀྱང་ལྷན་བཅར་ཞུས་ཡོད།
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་དཔལ་འབྱོར་བཀའ་བློན་མཆོག་དང་འབྲེལ་ཡོད་ལས་བྱེད་གཉིས་སི་པེན་རྒྱལ་ས་སྦར་སི་ལོ་ནར་ནས་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་པ་བཅས། །