ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་དང་། བཀའ་རྒྱུད་བསམ་ཡས་རྫོང་ Kagyu Samye Dzong Buddhist Center ཆོས་ཚོགས་བཅས་ཀྱི་གོ་སྒྲིག་འོག་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་དང་དེ་སྔ་ཡུལ་དེར་ཨིན་ཇིས་དབང་བསྒྱུར་བྱེད་སྐབས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་ལམ་ནས་ཞི་རྒོལ་གནང་མཁན་གྱི་དབུ་ཁྲིད་སྐུ་ཞབས་ནེལ་སོན་མན་ཌེ་ལ་ Nelson Mandela མཆོག་གི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་ལྷོ་ཨ་ཕི་རི་ཀའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་ཆ་ཤས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༧ ཉིན་ཇོ་ཧན་ནེསི་བྷག་Johannesburg གྲོང་ཁྱེར་དུ་མི་མང་ཉམ་ཐག་དང་དབུལ་པོ་གྲངས་ ༡༥༠ ལྷག་ལ་ཟས་སྦྱིན་གནང་ཡོད།
དེ་ཡང་བཀའ་རྒྱུད་བསམ་ཡས་རྫོང་ཆོས་ཚོགས་ཀྱི་སྐུ་ཚབ་དང་། དང་བླངས་ཞབས་ཞུ་པ་རྣམས་ནས་སྔ་དྲོ་ཞལ་ལག་གོ་སྒྲིག་གནང་སྟེ་དགོང་དྲོ་མི་མང་ཉམ་ཐག་རྣམས་ལ་ཟས་སྦྱིན་གནང་ཡོད་པ་དང་། མང་ཚོགས་རྣམས་ཀྱིས་ཞལ་ལག་ཧ་ཅང་མཉེས་པོ་གནང་ཡོད་པ་བཅས།།