ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༥ རེས་གཟའ་ཉི་མ་ཉིན་དེར་འཛམ་གླིང་གི་མི་རྣམས་ཀྱིས་ཆེས་སྐད་གྲགས་ཆེ་བའི་འཛམ་གླིང་རྐང་རྩེད་པོ་ལོ་འགྲན་སྡུར་ལ་བརྙན་འཕྲིན་བརྒྱུད་ལྟ་བཞིན་ཡོད། འགྲན་སྡུར་དེ་ནི་ཕི་རན་སི་ France དང་ཁོ་རོ་ཤི་ཡ་ Croatia རྒྱལ་ཁབ་གཉིས་དབར་འཛམ་གླིང་རྐང་རྩེད་པོ་ལོ་ཆེས་མཐའ་མཇུག་གི་འགྲན་སྡུར་དེ་རེད།
སྐབས་དེར་བོད་མིང་ལ་ཡེ་ཤེས་རྡོ་རྗེ་ཟེར་ཞིང་། ཕ་རན་སིའི་མི་རིགས་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧ་གྷེ་སི་པི་ཁོན་ Hugues Picon ལགས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་བཙོན་ཁང་ཞིག་གི་ནང་འཛིན་བཟུང་བཀག་ཉར་འོག་སྡོད་ཀྱིན་ཡོད། ཡེ་ཤེས་རྡོ་རྗེ་ལགས་འཛིན་བཟུང་བཀག་ཉར་བྱས་དགོས་དོན་ནི། ཁོང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༠ ཉིན་འཛམ་གླིང་རྐང་རྩེད་པོ་ལོ་འགྲན་སྡུར་ཕྱེད་མཐའ་མའི་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་འཁོད་ཡོད་པའི་སྟོད་ཐུང་དང་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོ་རུ་ཁག་གི་སྒྲིག་ཆས་སྟོད་ཐུང་གྱོན་པ། དེ་བཞིན་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་རྐང་རྩེད་པོ་ལོ་ར་བའི་ནང་བསྐྱོད་འདུག
ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སླར་ཡང་ཕྱི་ཚེས་ ༡༥ ཉིན་ཏེ་རྐང་རྩེད་པོ་ལོ་འགྲན་སྡུར་མཐའ་མའི་སྐབས་སུའང་སྔར་བཞིན་འཛིན་ཤོག་ ticket ལག་ཏུ་བཟུང་ནས་རྐང་རྩེད་པོ་ལོར་ལྟ་རུ་བསྐྱོད་སྐབས་ཨུ་རུ་སུའི་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས།
འདི་ག་ཕྱི་དྲིལ་སྒྲ་བརྙན་ཚན་པས་གོང་གི་གནས་ཚུལ་དང་འབྲེལ་བའི་སྐོར་སྐུ་ཞབས་ཧ་གྷེ་སི་པི་ཁོན་ལགས་ལ་བཀའ་འདྲི་ཞུས་པར། སྐུ་ཞབས་ཧ་གྷེ་སི་པི་ཁོན་ལགས་ཀྱིས་གསུང་དོན། ང་རང་ཕྱི་ལོ་ ༡༩༨༦ ཟླ་ ༧ ཚེས་ ༡༤ ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་རྒྱུའི་གོ་སྐབས་བྱུང་། ཉིན་མོ་དེར་ཕི་རན་སིའི་གཞུང་མང་གཉིས་ནས་ཀྱང་ཕི་རན་སིའི་རྒྱལ་སྟོན་དུས་དྲན་སྲུང་བརྩི་ཞུས་བཞིན་ཡོད་པ་རེད།
ཕྱི་ལོ་ ༡༩༩༠ ནང་ང་ཚོ་ཕི་རན་སིའི་མི་རིགས་ལྔ་བོད་ནང་བསྐྱོད་དེ་བོད་དུ་བསྡད་མྱོང་། སྐབས་དེ་དུས་བོད་ནང་ཕྱི་རྒྱལ་མི་རིགས་སྡོད་མཁན་ཉུང་ཤས་ལས་མེད། དེ་རྗེས་རིམ་པས་ང་རང་བོད་ལ་དགའ་ཞེན་ཆེ་བའི་མི་ཞིག་ཆགས་སོང་། ཞེས་གསུང་།
ཕྱི་དྲིལ་སྒྲ་བརྙན་ཚན་པས་སྐུ་ཉིད་ཀྱིས་བོད་ཀྱི་རྒྱལ་དར་རྐང་རྩེད་པོ་ལོ་ར་བའི་ནང་ཁྱེར་ནས་འགྲོ་དགོས་དོན་ཅི་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར་ཁོང་གིས་གསུང་དོན། ང་རང་ས་ཕྱོགས་གང་དུ་སྐྱོད་ཀྱང་། བོད་ཀྱི་རྒྱལ་དར་འཁྱེར་གྱི་ཡོད། བོད་ཅེས་པ་དེ་རྟག་ཏུ་ངའི་སེམས་ཁུངས་ན་ཡོད། ང་རང་བོད་ནང་བསྡད་མྱོང་། ངས་བོད་ཀྱི་ཟ་མ་བཟས་མྱོང་བ་མ་ཟད། ངའི་བུའི་མིང་ལའང་བོད་པའི་མིང་བཏགས་ཡོད། བོད་ནི་ངའི་མི་ཚེའི་ནང་གི་གལ་ཆེན་ཞིག་ཡིན། ཞེས་དང་།
སྐུ་ཞབས་ཧ་གྷེ་སི་པི་ཁོན་ལགས་ཀྱིས་རང་ཉིད་ཨུ་རུ་སུའི་ཉེན་རྟོགས་པས་བཙོན་འཇུག་བཀག་ཉར་བྱས་པའི་མྱོང་ཚོར་དང་འབྲེལ་བའི་སྐོར་གསུང་དོན། ང་རང་རྐང་རྩེད་པོ་ལོར་དགའ་མཁན་ཞིག་ཡིན་པའི་ཆ་ནས་རེས་གཟའ་ཉི་མའི་ཉིན་གྱི་འཛམ་གླིང་རྐང་རྩེད་པོ་ལོ་འགྲན་སྡུར་མཐའ་མ་དེར་ལྟ་རྒྱུའི་གོ་སྐབས་མ་བྱུང་བར་སེམས་པ་ཧ་ཅང་སྐྱོ་སོང་། རྐང་རྩེད་པོ་ལོ་རྩེ་བཞིན་པའི་སྐབས་སུ། ངས་ཉེན་རྟོག་པར་རྐང་རྩེད་པོ་ལོ་འགྲན་སྡུར་ལྟ་རུ་འགྲོ་ཆོག་གི་ཡོད་མེད་སྐད་ཆ་དྲིས་པས། ཉེན་རྟོག་པས་ང་རྐང་རྩེད་པོ་ལོ་འགྲན་སྡུར་ལ་ལྟ་རུ་འགྲོ་རྒྱུའི་ཚབ་ཏུ་ཉེན་རྟོག་པའི་ལས་ཁུངས་ལ་ཁྲིད་བྱུང་། ཕྱིས་སུ་ཉེན་རྟོག་པས་ང་གློད་བཀྲོལ་བཏང་སོང་། ཉེན་རྟོག་པས་ང་རང་བཙོན་འཇུག་བྱས་པར་བརྟེན་སེམས་པ་ཧ་ཅང་སྐྱོ་བྱུང་། འོན་ཀྱང་ངས་ལས་འགུལ་གང་བརྩམས་པ་དེར་ང་རང་སྤོབས་པ་ཡོད། ཅེས་གསུང་།
མཇུག་ཏུ་ཁོང་གིས། ངས་གོང་དུ་བཤད་པ་ལྟར་རེད། ང་རང་བོད་ནང་བསྡད་མྱོང་ཡོད་པས། གལ་ཏེ་ངས་ལས་འགུལ་མ་བརྩམས་ན་སུ་ཡིས་བརྩམ། ཞེས་གསུངས། །