ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༥ ཉིན་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་སྣེ་ཁྲིད་དེ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཉི་ཧོང་གི་རྒྱལ་ས་ཊོ་ཀེ་ཡའོ་ནང་རྟེན་གཞི་བྱས་པའི་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ All Party Japanese Parliamentary Group for Tibet པའི་འགན་འཛིན་ལྷན་ཚོགས་ཀྱིི་ཚོགས་མི་དང་མཇལ་འཕྲད་གནང་ཡོད།
དེ་ཡང་འཕྲོད་བསྟན་བཀའ་བློན་མཆོག་གྲོས་ཚོགས་ཀྱི་ཚོགས་ཁང་དུ་འབྱོར་སྐབས་ཉི་ཧོང་གྲོས་ཚོགས་འོག་མའི་ House of Representatives འཐུས་མི་སྐུ་ཞབས་ཝ་ཊ་ན་བྷེ་ Mr. Watanabe Shu ལགས་དང་སྐུ་ཞབས་ན་གའོ་ཊ་ཀ་ཞི་ Mr. Nagao Takashi ལགས་རྣམ་གཉིས་ནས་དགའ་ཞིང་སྤྲོ་བའི་ངང་ཕེབས་བསུ་ཞུས་ཡོད་པ་དང་། འཕྲོད་བསྟན་བཀའ་བློན་མཆོག་གིས་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཞི་མོ་མུ་ར་ཧ་ཀུ་བྷུན་ Mr. Shimomura Hakubun ལགས་ཀྱིས་གཙོས་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཞབས་ཡ་མ་ཊ་ནི་ཨེ་རི་ཀོ་ Mrs. Yamatani Eriko ལགས་དང་སྐུ་ཞབས་ཝ་ཊ་ན་བྷེ་Mr. Watanabe Shu ལགས། སྐུ་ཞབས་བྷ་བྷ་ Mr. Baba Nobuyuki ལགས། སྐུ་ཞབས་ན་གའོ་ཊ་ཀ་ཞི་ Mr. Nagao Takashi ལགས་བཅས་གནད་ཡོད་མི་སྣ་ཁག་གཅིག་དང་ཐུགས་འཕྲད་ཀྱིས་ཐེངས་འདིར་བཀའ་བློན་མཆོག་ཕྱོགས་ཕེབས་ཀྱི་དགོས་པ་དམིགས་ཡུལ་གཅིག་ནི། ཉི་ཧོང་གཞུང་མང་གཉིས་ནས་ད་བར་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུའི་ཆེད་ཡིན། ཞེས་དང་།
དེ་བཞིན་འཕྲོད་བསྟེན་བཀའ་བློན་མཆོག་གིས། རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་དང་ཆོས་དད་རང་དབང་སོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་གཞི་རིམ་མང་ཚོགས་ཁྲོད་འཕྲོད་བསྟེན་གྱི་མཐུན་རྐྱེན་མེད་པ་སོགས་ཀྱི་དཀའ་ངལ་སྐོར་གླེང་མོལ་གནང་བ་དང་འབྲེལ། རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་རྣམས་ཀྱི་འཕྲོད་བསྟེན་ཡར་རྒྱས་ཀྱི་ལས་གཞི་ཁག་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པའི་སྐོར་གླེང་མོལ་གནང་ཡོད།
ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཞི་མོ་མུ་ར་ཧ་ཀུ་བྷུན་ལགས་ཀྱིས་གསུང་དོན། ཕྲན་རང་བཞུགས་སྒར་རྡ་རམ་ས་ལར་ལྟ་སྐོར་དུ་བསྐྱོད་པའི་སྐབས་ཤིག་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་རྗེས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བཞིན་གསར་འཛུགས་གནང་བ་དང་། ད་ལྟའི་ཆར་ཚོགས་པ་འདིར་ཚོགས་མི་ ༩༠ ཡོད་པ་མ་ཟད། ཚོགས་པ་འདི་ནི་འཛམ་གླིང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད། ཅེས་དང་།
ཉི་ཧོང་གྲོས་ཚོགས་འཐུས་མིའི་ཁྲོད་བོད་ཀྱི་གནད་དོན་སྐོར་སྔར་ལྷག་དོ་སྣང་ཤུགས་ཆེ་རུ་ཡོང་གི་ཡོད་པ་མ་ཟད། བོད་མིར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཡང་ཤུགས་ཆེ་རུ་འགྲོ་གི་ཡོད། བོད་ཀྱི་གནད་དོན་ནི་བོད་མི་གཅིག་པུ་ཙམ་མ་ཟད། ཉི་ཧོང་མི་མང་ལའང་འབྲེལ་བ་ཡོད། ཉི་ཧོང་མི་མང་གིས་དྲང་བདེན་དང་བདེན་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཞེས་གསུང་།
ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་དང་འཕྲོད་བསྟེན་གྱི་གནད་དོན་སྐོར་ཉན་ཞིབ་བྱ་འདོད་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་ལ་སྔར་ལས་ཤུགས་ཆེ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་གསུངས། །